འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་སྐབས་ཉེར་བཞི་པ་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་30ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་27ཉིན། དུས་ཡུན་ཉིན་ལྔ་ཡིན་པའི་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་སྐབས་ཉེར་བཞི་པ་ཚེས་27ཉིན་མཇུག་འགྲིལ་ཞིང་། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། སྐབས་འདིའི་དཔེ་དེབ་དངོས་མང་སྟོན་ཚོགས་ཐོག་ཀྲུང་ཕྱིའི་པར་དབང་ཉོ་ཚོང་གྲོས་མཐུན་5262བཞག་པ་དེ་དུས་མཚུངས་ལས་4.9%འཕར་བ་དང་། དེ་དག་ལས་པར་དབང་ཕྱིར་ཚོང་དང་མཉམ་དུ་པར་སྐྲུན་གྱི་གྲོས་མཐུན་སྣ་ཚོགས་3244བཞག་པ་དེ་དུས་མཚུངས་ལས་5.5%འཕར་བ་དང་། ནང་འདྲེན་གྲོས་མཐུན་2018བཞག་པ་དེ་དུས་མཚུངས་ལས་3.9%འཕར་ནས། ནང་འདྲེན་དང་ཕྱིར་ཚོང་གི་བསྡུར་ཚད་1∶1.61ཟིན་ཡོད་པ་རེད།
         རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཁྱབ་ཁོངས་སུ། པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་ནི་ཧྥ་རན་ཁེ་ཧྥུའུ་དང་ལོན་ཏོན་དཔེ་དེབ་འགྲེམས་སྟོན་གཉིས་དང་མཉམ་པའི་འཛམ་གླིང་གི་པར་དབང་ཉོ་ཚོང་ལས་སྟེགས་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན། འདི་ལོར་དཔེ་དེབ་དངོས་མང་སྟོན་ཚོགས་ཐོག་པར་དབང་ཉོ་ཚོང་ཞབས་ཞུ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བའི་ཁར་དཔེ་སྐྲུན་ཚན་པ་ཁག་གིས་ཀྱང་སོ་སོའི་དཔེ་དེབ་འོས་སྦྱོར་ཧུར་ཐག་བྱས་པས་པར་དབང་ཉོ་ཚོང་བྱེད་ཚད་སྔར་བས་མང་དུ་ཕྱིན་ནས། པར་དབང་ཕྱིར་ཚོང་དང་མཉམ་དུ་པར་སྐྲུན་གྱི་གྲོས་མཐུན་སྣ་ཚོགས་ཁྱོན་3244བཞག་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
         རིགས་ཀྱི་ཐོག་ནས་བལྟས་ན། བརྗོད་དོན་གཙོ་བོའི་རིགས་དང་། ལོ་ཆུང་བྱིས་པའི་རིགས། རྩོམ་རིག་གི་རིགས། རིག་གནས་སློབ་གསོའི་རིགས། དཔལ་འབྱོར་གྱི་རིགས། མཚན་ཉིད་རིག་པའི་རིགས་བཅས་ཀྱི་དཔེ་དེབ་ཕྱིར་གཏོང་བྱེད་མང་ཤོས་ཡིན་ལ། དྲ་རྒྱའི་རྩོམ་རིག་ཀྱང་འབུར་དུ་ཐོན་ཡོད་པ་རེད། ཕྱིར་ཚོང་ཐད་ནས་བལྟས་ན། དཔེ་དེབ་སྔར་བས་མང་པོ་དབྱིན་ཇི་དང་ཨ་རི་སོགས་སུ་ཕྱིར་ཚོང་བྱས་རྗེས་ཁྱབ་རྒྱ་ཆུང་བའི་སྐད་རིགས་སྤྱོད་པའི་རྒྱལ་ཁབ་ཁག་ཏུ་ཕྱིར་ཚོང་བྱེད་འགོ་ཚུགས་ཡོད་པ་དང་། “རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཁག་པར་དབང་ཕྱིར་ཚོང་བྱེད་མང་སར་གྱུར་ཡོད་པ་རེད། མཉམ་ལས་བྱེད་སྟངས་ཐད་ནས་བལྟས་ན། ཀྲུང་གོ་ཕྱོགས་ཀྱི་སྒྲིག་གཞི་སྔར་བས་མང་པོ་ཞིག་པར་དབང་ཉོ་ཚོང་དང་དཔེ་དེབ་ཕྱིར་ཚོང་ཙམ་གྱིས་ཡིད་མི་ཚིམ་པར་མཉམ་དུ་རྩོམ་འབྲི་དང་མཉམ་ལས་གཏིང་ཟབ་བྱེད་པའི་ཕྱོགས་སུ་བསྐྱོད་དེ་ལངས་གཟུགས་རྣམ་པའི“ཕྱིར་ཐོན”དཔེ་དབྱིབས་ཤིག་གཞི་རྩའི་ཆ་ནས་ཆགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།