འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཨའོ་མོན་དུ་བཅའ་སྡོད་དཔུང་སྡེས་གེགས་སེལ་ལས་དོན་ནང་ཞུགས་ནས་ཨའོ་མོན་མང་ཚོགས་
    དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་མཚོན་པར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་28ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་26ཉིན་ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་དོན་ཁང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་དོན་ཁང་གི་མགྲིན་ཚབ་པས་ཨའོ་མོན་དུ་བཅའ་སྡོད་བཅིངས་འགྲོལ་དམག་གི་དཔུང་སྡེས་གེགས་སེལ་ལས་དོན་ནང་ཞུགས་པའི་སྐོར་ལ་སྤེལ་བའི་གླེང་མོལ་བཀོད་པ་དང་། དེའི་ཁྲོད་ལས་དོན་དེ་ལས་ཨའོ་མོན་དུ་བཅའ་སྡོད་དཔུང་སྡེ་དང་རྒྱ་ཆེའི་ཨའོ་མོན་གྲོང་མིའི་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་མཚོན་ཡོད་ཅེས་བརྗོད།
          མགྲིན་ཚབ་པས། ད་རེས་ཀྱི“ཐེན་ཀེ”རྒྱ་མཚོའི་རླུང་འཚུབ་ཀྱིས་ཨའོ་མོན་ལ་གནོད་འཚེ་བཟོས་པ་དང་། མི་སྣ་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་ནས་གྲོང་མིའི་འཚོ་བ་དང་ལས་དོན་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད། ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་དོན་ཁང་གི་ལས་རོགས་ཡོངས་ཀྱིས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཟབ་མོ་ཞུས་པ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་གཉེན་ཉེ་དང་། གནོད་འཚེ་ཕོག་མཁན། རྒྱ་ཆེའི་གྲོང་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཁར། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་གེགས་སེལ་ལས་དོན་ནང་ཧུར་ཐག་ཞུགས་པར་བླ་མེད་གུས་འདུད་ཞུས་ཡོད་ཅེས་བརྗོད།
          མགྲིན་ཚབ་པས། ཉེན་ཁ་ཆེན་པོའི་སྐབས་སུ་ལྷད་མེད་བརྩེ་སེམས་མཚོན། ཨའོ་མོན་གྱི་གཞི་རྩའི་བཅའ་ཁྲིམས་དང་བཅའ་སྡོད་དམག་གི་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་གཞིགས་ནས་ཀྲུང་དབྱང་གིས་ཆོག་མཆན་གནང་བ་བརྒྱུད། ཨའོ་མོན་དུ་བཅའ་སྡོད་བཅིངས་འགྲོལ་དམག་གི་དཔུང་སྡེའི་དཔོན་དམག་ཆིག་སྟོང་ལྷག་ཙམ་གེགས་སེལ་ལས་དོན་ནང་ཞུགས་པ་དེ་ཐོག་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་ལ་བརྩེ་སེམས་འཆང་ལུགས་དང་ཨའོ་མོན་གྱི་སྤུན་ཟླའི་བདེ་སྡུག་ལ་ཐུགས་ཁྲལ་གནང་ལུགས་གང་ལེགས་མངོན་ཡོད། དོན་དངོས་ལས་སླར་ཡང་ར་སྤྲོད་བྱས་པར། རླབས་ཆེན་མེས་རྒྱལ་ནི་ཐོག་མཐའ་བར་གསུམ་དུ་ཨའོ་མོན་གྲ་རྒྱས་བརྟན་ལྷིང་ཡོང་བའི་རྒྱབ་རྟེན་བརྟན་པོ་ཞིག་རེད་ཅེས་བརྗོད།
          མགྲིན་ཚབ་པས། ཨའོ་མོན་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་རྒྱ་ཆེའི་གྲོང་མིར་རོགས་རམ་ཧུར་ཐག་བྱས་ཏེ་ཉེན་ཁ་ལས་གཡོལ་ཐབས་བྱས་པ་དང་གེགས་རྗེས་གཙང་སེལ་སོགས་ལས་དོན་སྤེལ་ཏེ་ཨའོ་མོན་གྱི་རྒྱུན་གཏན་ལས་ཀ་དང་འཚོ་བ་གང་མགྱོགས་སླར་གསོ་ཐུབ་རྒྱུར་དཀའ་སྤྱད་འབད་བརྩོན་བྱས་པས་ཨའོ་མོན་དུ་བཅའ་སྡོད་དཔུང་སྡེ་དང་རྒྱ་ཆེའི་ཨའོ་མོན་གྲོང་མིའི་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་གང་ལེགས་མངོན་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།