འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་མོང་གོལ་རྒྱལ་ཁབ་དང་། ཨུ་རུ་སུ། རི་པིན་
    བཅས་ལ་འཚམས་འདྲི་གནང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་28ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་བཏང་བའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སྔ་རྗེས་སུ་མོང་གོལ་རྒྱལ་ཁབ་དང་། ཨུ་རུ་སུ། རི་པིན་བཅས་སུ་འཚམས་འདྲི་གནང་ཞིང་། ཚོགས་པ་དེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲུའུ་ཝུའེ་རན་གྱིས་ཚོགས་གཙོ་གནང་བ་དང་། ཁོངས་མིའི་གྲས་སུ་པེ་ཅིང་དང་། བོད་ནས་ཕེབས་པའི་བོད་རིག་པ་དང་བོད་ཀྱི་གསོ་བ་རིག་པའི་རིགས་གཅིག་མཁས་ཅན། བོད་རིགས་ལས་བྱེད་པ། སྤྲུལ་སྐུ་སོགས་ཡོད་པ་རེད།
           སྤེལ་རེས་ཚོགས་པས་འཚམས་འདྲི་གནང་རིང་། རྒྱལ་ཚོགས་ཀྱི་གྲོས་མི་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། དགོན་སྡེའི་གྲྭ་བཙུན། གཙོ་རྒྱུན་སྨྱན་སྦྱོར་གྱི་གསར་འགོད་པ། སློབ་གྲྭ་ཆེ་མོའི་དགེ་སློབ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ས་གནས་དེའི་དམངས་ཚོགས་བཅས་དང་རྒྱ་ཁྱབ་ངང་འབྲེལ་གཏུག་བྱས་པས་ཕྱི་ཕྱོགས་ཀྱི་སེམས་རྩ་འཁོལ་ལ་མཛའ་གྲོགས་ལྡན་པའི་སྣེ་ལེན་ཐོབ་ཡོད། སྤེལ་རེས་ཚོགས་པས་བཞུགས་མོལ་སྤེལ་རེས་དང་། “དེང་གི་བོད་ལྗོངས”ཞེས་པའི་སྙན་ཞུའི་ཚོགས་འདུ་འཚོགས་པ། དགོན་སྡེར་འཚམས་འདྲི། བཅར་འདྲི་དང་ལེན། བཀའ་ཆོས་གནང་བ་དང་ནད་ལྟ་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བོད་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་བོད་ཀྱི་རིག་གནས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་གསོན་ཉམས་དོད་པོས་ངོ་སྤྲོད་གནང་བ་རེད།
          སྤེལ་རེས་ཚོགས་པའི་ཁོངས་མིས་རང་ཉིད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ཕྱི་ཕྱོགས་ཀྱིས་དོ་ཁུར་བྱེད་པའི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས། “རྒྱུད་གཅིག་ལམ་གཅིག”ཁྲོད་ཀྱི་བོད་ཀྱི་ངེས་གནས། བོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུའི་ཡང་སྲིད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ཡུལ་སྐོར་སོགས་ཐད་ཀྱི་གནད་དོན་ལ་ལན་བསྐྱོན་པ་རེད། རི་པིན་རྒྱལ་ཚོགས་ཀྱི་གྲོས་མི་མཁྱེན་ལྡན་མ་ཀྲུའུ་ཀུའུ་ཉན་ཙེ་ཡིས་སྤེལ་རེས་ཚོགས་པ་དང་ཕན་ཚུན་སྤེལ་རེས་བྱས་རྗེས་ཀྲུང་གོའི་བོད་ཀྱི་གནས་ཚུལ་དེ་བས་ཤེས་རྟོགས་ཐུབ་བྱུང་ཞེས་བཤད།
          ཀྲོའུ་ཝུའེ་ཡིས་མོང་གོལ་རྒྱལ་ཁབ་དང་། ཨུ་རུ་སུ། རི་པིན་བཅས་རྒྱལ་ཁབ་གསུམ་ལ་ནང་བསྟན་གྱི་དད་ལྡན་པ་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དད་ལྡན་པ་མང་པོ་ཡོད། སྤེལ་རེས་ཚོགས་པ་དང་འབྲེལ་གཏུག་བྱུང་བའི་ཕྱི་ཕྱོགས་ཀྱི་མི་སྣ་ཚང་མ་ཀྲུང་གོའི་བོད་ལྗོངས་དང་བོད་ཀྱི་རིག་གནས་ལ་དགའ་ཞེན་ཆེན་པོ་ཡོད་མཁན་ཤ་སྟག་རེད། མི་མང་པོ་ཞིག་གིས་ཀྲུང་གོར་བསྐྱོད་ནས་བོད་རིག་པ་དང་བོད་ཀྱི་གསོ་བ་རིག་པ་སྤེལ་རེས་བྱ་རྒྱུ་དང་འབྲེལ་བོད་དུ་བསྐྱོད་ནས་དཔེ་ཆ་སྦྱོང་བ་དང་། གནས་མཇལ། ཡུལ་སྐོར་བཅས་བྱ་རྒྱུའི་འདུན་པ་དྲག་པོ་ཡོད་པ་བསྟན་ཡོད། ཁོང་ཚོས་ཀྲུང་གོས་བོད་ལྗོངས་དང་བོད་ཀྱི་རིག་གནས་དང་འབྲེལ་བ་ཡོད་པའི་ཚོགས་པ་དེ་བས་མང་བ་རང་ཉིད་ཀྱི་རྒྱལ་ཁབ་ཏུ་འཚམས་འདྲི་གནང་བར་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།