འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཟས་རིགས་སྨན་རིགས་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱ་དགའ་སྤྲོད་ཐབས་ཡོངས་
    བསྒྲགས་བྱས་པ།

    གྱོད་དོན་རེར་བྱ་དགའི་དངུལ་མང་ཤོས་མི་དམངས་ཤོག་སྒོར་ཁྲི་50སྤྲོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་23ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་22ཉིན། གསར་འགོད་པས་རྒྱལ་ཁབ་ཟས་རིགས་སྨན་རིགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་གསལ་དུ། ཉེ་སྔོན། ཟས་རིགས་སྨན་རིགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་ནོར་སྲིད་པུའུ་གཉིས་ཀྱིས་གསར་དུ་བཟོ་བཅོས་བྱས་པའི་《ཟས་རིགས་སྨན་རིགས་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱ་དགའ་སྤྲོད་ཐབས་》ཡོངས་བསྒྲགས་བྱས་པ་དང་། ཟས་རིགས་སྨན་རིགས་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱ་དགའི་དངུལ་དེ་ས་གནས་སྲིད་གཞུང་རིམ་པ་ཁག་གི་སྔོན་རྩིས་ནང་འཇུག་རྒྱུ་དང་། ནོར་སྲིད་དང་རྩིས་བཤེར་སོགས་སྡེ་ཁག་གི་ལྟ་སྐུལ་དང་ཞིབ་བཤེར་དང་ལེན་བྱ་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།
           《སྤྲོད་ཐབས་》སུ་ཟས་རིགས་སྨན་རིགས་ལྟ་སྐུལ་དོ་དམ་སྡེ་ཁག་རིམ་པ་ཁག་གིས་སྤྱི་ཚོགས་མང་ཚོགས་ཀྱིས་ཐེར་འདོན་བྱས་པ་དེ་རང་གི་ལྟ་སྐུལ་དོ་དམ་འགན་འཁྲིའི་སྒྲུབ་ཁོངས་སུ་གཏོགས་པའི་ཟས་རིགས་(བཟའ་བཅའི་སྦྱོར་རྟ་ཡང་ཚུད་པ)དང་། སྨན་རིགས། སྨན་བཅོས་ཡོ་བྱད། སྐག་རྫས་བཅས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་དམ་ཡང་ན་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཡིན་ཞིང་། དངོས་ར་གསལ་འཕྲོད་བྱུང་བ་མ་ཟད་གྱོད་ཐོ་བཀོད་དེ་ཞིབ་བཤེར་ཐག་གཅོད་བྱས་རྗེས། དེར་བསྟུན་གྱི་དངོས་པོའི་བྱ་དགའ་སྤྲོད་དགོས་ཞེས་གསལ་པོ་བཀོད་ཡོད་པ་རེད།
          ཐེར་འདོན་བྱ་དགའ་སྤྲོད་པར་དུས་མཚུངས་སུ་ཆ་རྐྱེན་གསུམ་འཛོམ་དགོས་པ་སྟེ། ཐེར་འདོན་བྱ་ཡུལ་དང་ཁྲིམས་འགལ་དོན་དངོས་བྱེ་བྲག་པའམ་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་གསལ་པོ་ཡོད་དགོས་པ་དང་གཅིག  ཐེར་འདོན་ནང་དོན་དེ་ཟས་རིགས་སྨན་རིགས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཤེས་རྟོགས་བྱུང་མེད་པ་ཡིན་དགོས་པ་དང་གཉིས། ཐེར་འདོན་བྱས་ཚུལ་ཟས་རིགས་སྨན་རིགས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་གྱོད་ཐོ་བཀོད་དེ་བརྟག་དཔྱད་བྱས་པ་བརྒྱུད་དངོས་ར་གསལ་འཕྲོད་བྱུང་སྟེ་སྲིད་འཛིན་ཉེས་ཆད་གཏན་འབེབས་སམ་ཁྲིམས་ལྟར་ཁྲིམས་འཛིན་ལས་ཁུངས་ལ་སྤྲད་དེ་ཉེས་དོན་ཁྲིམས་གཅོད་བྱས་པ་ཡིན་དགོས་པ་དང་གསུམ་བཅས་རེད།
          ཞིང་ཆེན་རིམ་པའི་ཟས་རིགས་སྨན་རིགས་ལྟ་སྐུལ་དོ་དམ་སྡེ་ཁག་ཁག་གིས་རང་གི་སྲིད་འཛིན་ས་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གྱོད་འབྲེལ་ཟོག་ཐང་དངུལ་འབོར་རམ་ཆད་གཅོད་གཞུང་བཞེས་བྱས་དངུལ། བྱ་དགའི་རིམ་པ་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ཏེ་ཕྱོགས་བསྡུས་ཀྱིས་བྱ་དགའི་དངུལ་གྲངས་བརྩིས་ཆོག་ཅིང་། གྱོད་དོན་རེའི་བྱ་དགའི་དངུལ་གྲངས་རྩ་དོན་ཐོག་མི་དམངས་ཤོག་སྒོར་ཁྲི་50ལས་བརྒལ་མི་ཆོག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།