འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཨུ་རུ་སུར་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་21ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་16ཉིན་ནས་ཚེས་19ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་མངག་གཏོང་བྱས་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཨུ་རུ་སུར་འཚམས་འདྲི་བྱས་པ་རེད། སྤེལ་རེས་ཚོགས་པ་འདི་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲུའུ་ཝེ་ཡིས་ཚོགས་གཙོའི་འགན་ཁུར་བ་དང་། ཚོགས་མི་ནི་པེ་ཅིང་དང་བོད་ལྗོངས་ནས་ཡིན་པའི་བོད་རིག་པ་དང་བོད་ཀྱི་གསོ་བ་རིག་པའི་ཆེད་མཁས་པ་དང་། བོད་རིགས་ལས་བྱེད་པ། སྤྲུལ་སྐུ་སོགས་ལས་གྲུབ་པ་རེད།
         འཚམས་འདྲི་བྱས་པའི་རིང་ལ། སྤེལ་རེས་ཚོགས་པ་ཨུ་རུ་སུ་ཚན་རིག་ཁང་གི་ཨེ་ཤེ་ཡ་ཤར་རྒྱུད་ཞིབ་འཇུག་ཁང་དུ་སྐྱོད་ནས་འཚམས་འདྲི་བྱས་ཤིང་། མོ་སི་ཁོ་མཐོ་སློབ་ཀྱི་དགེ་སློབ་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་སོ་སོར"དེ་རིང་གི་བོད་ལྗོངས"ཞེས་པའི་སྙན་ཞུ་ཚོགས་འདུ་འཚོགས་པ་མ་ཟད། མོ་སི་ཁོའི་སྨྱན་སྦྱོར་ལས་ཁུངས་ཀྱི་བཅར་འདྲི་ཡང་དང་ལེན་བྱས་པ་རེད།
         བྱེད་སྒོ་སྤེལ་རིང་དུ། སྤེལ་རེས་ཚོགས་པ་དང་ཨུ་རུ་སུ་ཕྱོགས་ཀྱིས"རྒྱུད་གཅིག་ལམ་གཅིག"གཞི་སྒྲོམ་འོག་ཀྲུང་ཨུའི་བར་དུ་བོད་འབྲེལ་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་སྤེལ་རེས་སྔར་ལས་ལྷག་པར་བྱ་རྒྱུའི་མདུན་ལྗོངས་ལ་ཞིབ་དཔྱད་བྱས་ཤིང་། ཨུ་རུ་སུ་ཕྱོགས་ཀྱི་ཆེད་མཁས་པ་དང་མཁས་དབང་ཚོས་དང་ལེན་ཧུར་ཐག་བྱས་པ་རེད། ཨུ་རུ་སུ་རྒྱལ་བཙུགས་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་སློབ་ཆེན་ཁུང་ཙེ་སློབ་གླིང་གི་ཨུ་རུ་སུའི་ཕྱོགས་ཀྱི་གླིང་གཙོ་ཐཱ་ལ་སི·དབྱི་ཧྥུ་ཆིང་ཁོ་ཡིས། བོད་ཀྱི་རིག་གནས་ཀྱིས་ཀྲུང་ཧྭ་རིག་གནས་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད་པ་དང་། ཀྲུང་གོའི་མཉེན་པའི་སྟོབས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཨུ་རུ་སུའི་མངའ་ཁོངས་སུ་ཁར་མེ་ཁེ་དང་། ཐུའུ་ཝ། པུའུ་ལི་ཡ་ཐེ་བཅས་སྤྱི་མཐུན་རྒྱལ་ཁབ་གསུམ་གྱི་དམངས་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་ཀྱི་ཡོད་ཅིང་། ཀྲུང་གོའི་བོད་ལྗོངས་དང་ཆོས་ལུགས་རིག་གནས་སྤེལ་རེས་བྱ་རྒྱུའི་རེ་བ་ཁ་ཚ་དགོས་གཏུགས་བྱེད་ཀྱི་ཡོད་ཅེས་བཤད་པ་དང་། ཁོང་གིས་ད་དུང་བོད་ཀྱི་རིག་གནས་ཀྱིས་ཀྲུང་ཨུའི་ཆེད་དམིགས་ས་ཁུལ་གྱི་དམངས་སེམས་མཉམ་འབྲེལ་བྱས་ཡོད་པས། ཕྱོགས་གཉིས་བར་གྱི་རྗེས་མའི་སྤེལ་རེས་ནི་ཆོས་ལུགས་རིག་གནས་དང་བོད་ཀྱི་གསོ་རིག་གསོ་སྐྱོང་དང་། སྨན་བཅོས་སོགས་ཀྱི་ཐད་ནས་བྱེད་འགོ་བཙུགས་ཆོག་པ་རེད་ཅེས་བཤད་པ་རེད།
         སྤེལ་རེས་བྱེད་རིང་དུ། རྒྱལ་ཁབ་གཉིས་ཀའི་མཁས་དབང་ཚོས་བོད་འབྲེལ་སྤེལ་རེས་སྔར་ལས་གཏིང་ཟབ་གཏོང་རྒྱུའི་རེ་བ་བསྟན་ཡོད་པ་སྟེ། ཨུ་རུ་སུའི་ཚན་རིག་ཁང་གི་ཨེ་ཤེ་ཡ་ཤར་རྒྱུད་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་དང་པོ་དབྱང་ནཱ་ཡེ་ཧྥུ་ཡིས་སྤེལ་རེས་ཚོགས་པས་བོད་ལྗོངས་སྐོར་གྱི་མཐོང་ཐོས་མྱོང་གྲུབ་ཀྱི་ཆ་འཕྲིན་ཁྱེར་ཡོང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོ་སྲིད་གཞུང་གིས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད་གྲུབ་འབྲས་ཀྱང་ཧ་ཅང་ཆེན་པོ་ཐོབ་པར་བསྟོད་བསྔགས་བྱས་པ་རེད། ཁོང་གིས་ཨེ་ཤེ་ཡ་ཤར་རྒྱུད་ཞིབ་འཇུག་ཁང་ནི་ཨུ་རུ་སུའི་དབང་གྲགས་ལྡན་པའི་ཀྲུང་གོ་དང་འབྲེལ་བའི་རིག་མཛོད་ཅིག་ཡིན་པའི་ཐོག་ནས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སོགས་ཀྲུང་གོའི་ཕྱོགས་ཀྱི་རིག་གཞུང་ལས་ཁུངས་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་དུ་བོད་འབྲེལ་རིག་གཞུང་མཉམ་ལས་དང་ཀྲུང་གོའི་་བོད་ལྗོངས་ཀྱི་འཕེལ་རྒྱས་ཉམས་མྱོང་ཞིབ་འཇུག་དང་དཔྱད་གཞིར་འཛིན་འདོད་ཡོད་ཅེས་བསྟན་པ་རེད།
         སྤེལ་རེས་ཚོགས་པ་འདིའི་སྔོན་དུ་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲིར་བྱས་ཡོད་པ་དང་། ཨུ་རུ་སུ་ལ་འཚམས་འདྲི་བྱས་རྗེས། སྤེལ་རེས་ཚོགས་པ་ད་དུང་ཉི་ཧོང་དུ་འཚམས་འདྲི་བྱེད་པར་འགྲོ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།