འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རྒྱལ་ཁབ་རིམ་པའི་སྨན་བཅོས་སྤུས་ཚད་ཚོད་འཛིན་ལྟེ་གནས་36བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་19ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བས་སྨན་བཅོས་སྤུས་ཚད་སྨྱན་སྦྱོར་གྱི་ངོ་འཕྲད་ཚོགས་འདུ་ཞིག་གི་ཐོག་རང་རྒྱལ་གྱི་སྨན་བཅོས་སྤུས་ཚད་དོ་དམ་ཚན་རིག་ཅན་དང་ཞིབ་ཕྲ་ཅན་དུ་མངོན་གསལ་དོད་པོས་འཕེལ་རྒྱས་འགྲོ་བཞིན་ཡོད་པས། སླད་ཕྱིན་འབྲེལ་ཡོད་སྤུས་ཚད་དོ་དམ་གྱི་ཚད་གཞིའི་མ་ལག་འཛུགས་སྐྱོང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་ངོ་བོ་གཅིག་མཚུངས་ཀྱི་ཚད་གཞི་མུ་མཐུད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
            2016ལོར་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་《སྨན་བཅོས་སྤུས་ཚད་དོ་དམ་བྱ་ཐབས་》པར་འགྲེམས་བྱས་ཏེ་སྨན་བཅོས་ཐོག་མར་བྱེད་མཁན་གྱི་འགན་འཁྲིའི་ལམ་ལུགས་དང་། རིམ་པ་གསུམ་གྱི་ནད་སྐོར་ལམ་ལུགས། དོགས་གནད་དང་དཀའ་གནད་ཆེ་བའི་ནད་དཔེར་གྲོས་བསྡུར་ལམ་ལུགས། གཤག་བཅོས་བདེ་འཇགས་དཔྱད་བསྡུར་ལམ་ལུགས་སོགས་སྨན་བཅོས་སྤུས་ཚད་བདེ་འཇགས་ཀྱི་ལྟེ་བའི་ལམ་ལུགས་18གསལ་པོ་བཟོས་པ་མ་ཟད། སྨན་བཅོས་སྒྲིག་གཞིར་སྨན་བཅོས་སྤུས་ཚད་(བདེ་འཇགས)ཞན་པའི་དོན་རྐྱེན་གྱི་ཆ་འཕྲིན་བསྡུ་རུབ་དང་། ཐོ་འགོད། སྙན་ཞུ་བཅས་ཀྱི་འབྲེལ་ཡོད་ལམ་ལུགས་འཛུགས་དགོས་པའི་བླང་བྱ་ཡང་བཏོན་པ་རེད།
           རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་སྨན་བཅོས་ལས་དོན་དང་སྨན་བཅོས་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀུའོ་ཡན་ཧུང་གིས་སྨན་བཅོས་སྤུས་ཚད་དོ་དམ་ཞིབ་ཕྲ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཆེད། རང་རྒྱལ་གྱིས་སྨན་བཅོས་སྒྲིག་གཞི་དང་། ནད་ཐོག་སྨན་བཅོས་ཆེད་ཚན། སྨན་བཅོས་ལག་རྩལ་བཅས་ཚུད་པའི་སྤུས་ཚད་ཚོད་འཛིན་གྱི་དམིགས་ཚད་ཁྱབ་བསྒྲགས་དང་ལག་བསྟར་བྱས་ཡོད། མིག་སྔར་རང་རྒྱལ་གྱིས་རྒྱལ་ཁབ་རིམ་པའི་སྤུས་ཚད་ཚོད་འཛིན་ལྟེ་གནས་36བཙུགས་པ་དེ་སྤྱིར་ནད་ཐོག་སྨན་བཅོས་ཀྱི་ཆེད་ལས་གཙོ་བོར་ཁྱབ་པ་དང་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་ཏུ་དེ་མཚུངས་ཀྱི་སྤུས་ཚད་ཚོད་འཛིན་ལྟེ་གནས་1200ལྷག་ཙམ་བཙུགས་ཡོད་ཅེས་བཤད་པ་རེད།
           གྲངས་གཞི་ལས་མངོན་པར་ད་ཕན་ལོ་ཤས་རིང་རང་རྒྱལ་གྱི་སྨན་བཅོས་ཞབས་ཞུའི་ལས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་སྤུས་ཚད་མཐོ་རུ་ཕྱིན་པའི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་པ་རེད། རིམ་པ་གཉིས་པ་དང་གསུམ་པའི་གཞུང་བཙུགས་ཕྱོགས་བསྡུས་སྨན་ཁང་གི་ཞག་སྡོད་ནད་པ་ཤི་ཚད་རིམ་བཞིན་ཆག་པ་མ་ཟད་ཆག་ཚད་བརྟན་པོ་བྱུང་ཡོད། 2017ལོའི་ཟླ་5པར་རྒྱལ་སྤྱིའི་དུས་དེབ་གྲགས་ཅན་《ལྕང་ལོ་དབྱིབས་ཅན་གྱི་གྲི་》ཡིས་རྒྱལ་ཁབ་དང་ས་ཁུལ་195ལ་གོ་ལ་ཧྲིལ་པོའི་སྨན་བཅོས་སྤུས་ཚད་དང་ཁྱབ་ཚད་རང་བཞིན་གྱི་གོ་རིམ་བསྒྲིགས་པ་ལས་མངོན་པར། 1990ལོ་ནས་2015ལོ་བར་རང་རྒྱལ་ནི་སྨན་བཅོས་སྤུས་ཚད་ཡར་རྒྱས་འགྲོ་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།