འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།པར་སེ་ལོ་ནཱ་གྲོང་ཁྱེར་དུ་འཇིགས་སྐུལ་གྱི་འཇབ་རྒོལ་བྱུང་སྟེ་མི་13གྲོངས་པ་དང་མི་80ལ་
    རྨས་སྐྱོན་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་18ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པར་སེ་ལོ་ནཱ་གྲོང་ཁྱེར་དུ་འཇིགས་སྐུལ་གྱི་འཇབ་རྒོལ་བྱུང་སྟེ་མི་13གྲོངས་པ་དང་མི་80ལ་
རྨས་སྐྱོན་བྱུང་བ།
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་17ཉིན་གྱི་དགོང་མོར། སི་ཕེན་རྒྱལ་ཁབ་ཀྱི་པར་སེ་ལོ་ནཱ་གྲོང་ཁྱེར་ཆགས་སའི་ཁ་ཐལ་ལུ་ནེ་ཡ་རང་སྐྱོང་ཁུལ་སྲིད་གཞུང་གིས་པར་ས་ལོ་ནཱ་གྲོང་ཁྱེར་དུ་ཉིན་དེར་ཟོག་འཁོར་གྱིས་མིར་བརྡུངས་པའི་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་བྱུང་བས། ད་ལྟ་མི་13གྲོངས་ཡོད་པ་དང་། མི་80ལ་རྨས་སྐྱོན་ཕོག་པ། དེའི་ནང་གི་མི་15ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པའི་ངོས་འཛིན་བྱུང་བ་རེད།
           པར་སེ་ལོ་ནཱར་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ད་ལྟ་ཀྲུང་གོའི་སྤྱི་དམངས་ལ་རྨས་སྐྱོན་ཕོག་ཚུལ་འབྱོར་མི་འདུག་ཅེས་བསྟན་པ་རེད།
           ཚེས་17ཉིན་གྱི་ཕྱི་དྲོར། པར་སེ་ལོ་ནཱ་གྲོང་ཁྱེར་ལྟེ་བའི་ལོ་རྒྱུས་ལྡན་པའི་མཛེས་ལྗོངས་ཁུལ་པུ་ལཱ་སི་སྲང་ལམ་གྱི་ཡུལ་སྐོར་བ་མང་པོ་ཡོད་པའི་ཁྲོད་དུ། དོས་སྒམ་བླུགས་པའི་ཟོག་འཁོར་ཞིག་གློ་བུར་དུ་མྱུར་བགྲོད་གཞུང་ལམ་ནས་མི་བགྲོད་ལམ་དུ་བཏང་ནས་མི་མང་པོ་ཞིག་ས་ལ་བསྒྱེལ་བ་དང་གཏོར་ཞིང་། མི་མང་སྐད་ངན་འཆོར་ནས་གང་སར་གཡོལ་བ་རེད། ཉེན་རྟོག་པ་འབྱོར་རྗེས། ས་གནས་དེ་ཉིད་བཀག་སྡོམ་བྱས་པ་དང་། མང་ཚོགས་ཁ་བཀྲམ་པ་མ་ཟད། གཤེད་མ་འདེད་འཛིན་བྱས་པ་རེད། ཤི་རྨས་བྱུང་མཁན་ཚང་མ་སྔ་གཞུག་ཏུ་སྨན་ཁང་ལ་བསྐྱལ་བ་རེད།
           ས་གནས་དེ་གའི་ཉེན་རྟོག་པས་བརྟག་དཔྱད་རགས་ཙམ་བྱས་རྗེས། འདི་ནི་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་ཞིག་ཡིན་ལ། འབྲེལ་ཡོད་ཀྱི་འཇིགས་སྐུལ་ཞིབ་བཤེར་བྱ་རིམ་སྤེལ་འགོ་ཚུགས་ཡོད་ཅེས་བསྒྲགས་པ་རེད། ཁ་ཐལ་ལུ་ནེ་ཡཱ་རང་སྐྱོང་ཁུལ་སྲིད་གཞུང་གི་ཀྲུའུ་ཞི་ཁཱ་ལའེ་སི་•ཕུའུ་དབྱི་གེ་ཏི་མོང་ཐེ་ཡིས་ད་ལྟ་ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་གཉིས་ཀ་འཛིན་བཟུང་བྱས་ཡོད་ཅེས་བརྗོད་པ་རེད།
           དོན་རྐྱེན་བྱུང་རྗེས། པར་སེ་ལོ་ནཱ་གྲོང་ཁྱེར་ལྟེ་བའི་ས་འོག་ལྕགས་ལམ་ཚུད་པའི་སྤྱི་པའི་འགྲིམ་འགྲུལ་ལམ་ཐིག་གནས་སྐབས་མཚམས་འཇོག་བྱས་པ་དང་། གྲོང་མི་ཚོ་རང་ཁྱིམ་དུ་སྡོད་དགོས་ཚུལ་དང་དོན་ཆེན་མེད་ན་ཕྱི་ལ་མ་འགྲོ་ཞེས་བླང་བྱ་བཏོན་པ་རེད།
          ཉིན་དེར། པར་སེ་ལོ་ནཱ་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཞིབ་བཤེར་ས་ཚིགས་ཤིག་ཏུའང་། རླངས་འཁོར་ཞིག་གིས་ཉེན་རྟོག་པ་གཉིས་ལ་རྡུང་རྗེས་བྲོས་པ་རེད། ཁ་ཐལ་ལུ་ནེ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བཟོ་མཁན་ཁ་ལོ་བ་དེ་པར་སེ་ལོ་ནཱ་གྲོང་ཁྱེར་ཕྱི་རོལ་དུ་བཀག་པ་དང་། ད་ལྟ། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་འདི་གཉིས་ལ་འབྲེལ་བ་ཡོད་མེད་མི་གསལ་ཞེས་བརྗོད་པ་རེད།
          སི་ཕེན་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ལཱ་ཧོར་དབྱི་ཡིས་ཐུའེ་ཐི་ཐོ་ཨང་དུ"རང་དབང་ལ་དགའ་ཞིང་དྲག་སྤྱོད་ལ་མི་དགའ་ལ། མཐུན་སྒྲིལ་ཅན་གྱི་མི་རིགས་འདི་ཉིད་འཇིགས་སྐུལ་བས་བརླག་པར་བྱེད་མི་ཐུབ། སི་ཕེན་རྒྱལ་ཡོངས་ནི་དུས་ད་ལྟ་གནོད་འཚེ་བྱུང་མཁན་དང་ཁོང་ཚོའི་ནང་མི་ཚོ་དང་མཉམ་དུ་ཡོད"ཅེས་བསྟན་པ་རེད། སི་ཕེན་རྒྱལ་ཁབ་ཀྱི་གོང་མ་ཚང་གིས་ཀྱང་ཐུའེ་ཐི་ཐོ་ཨང་དུ་གསལ་བསྒྲགས་སྤེལ་ནས་དོན་རྐྱེན་འདིར་ཁ་རྡུང་བཏང་ཡོད་དེ། གཤེད་མ་ནི"ལྐོག་གསོད་མཁན་དང་ཉེས་ཅན"རེད། འོན་ཀྱང་། ཁོ་ཚོས"ང་ཚོ་སྐྲག་ཏུ་འཇུག་མི་ཐུབ"ཅེས་བརྗོད་ཡོད་པ་རེད།
           ཉིན་དེར། དྲག་སྤྱོད་རྩ་འཛུགས"དབྱི་སི་ལན་རྒྱལ་ཁབ"ཀྱིས་ཨ་མཱ་ཁེ་གསར་འགྱུར་ཁང་བརྒྱུད་ནས་ཐེངས་འདིའི་འཇབ་རྒོལ་ནི་རྩ་འཛུགས་དེ་ཉིད་ཀྱི"འཐབ་མོ་བ"ཡིས་བྱས་པ་ཡིན་ཞེས་བསྒྲགས་པ་རེད།
    ༄༅།།པར་སེ་ལོ་ནཱ་གྲོང་ཁྱེར་དུ་འཇིགས་སྐུལ་གྱི་འཇབ་རྒོལ་བྱུང་སྟེ་མི་13གྲོངས་པ་དང་མི་80ལ་
རྨས་སྐྱོན་བྱུང་བ།
    ༄༅།།པར་སེ་ལོ་ནཱ་གྲོང་ཁྱེར་དུ་འཇིགས་སྐུལ་གྱི་འཇབ་རྒོལ་བྱུང་སྟེ་མི་13གྲོངས་པ་དང་མི་80ལ་
རྨས་སྐྱོན་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།