འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་སིའི་དཔོན་རིགས་ཀྱིས་ཀྲུང་གོའི་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་ལོ་སིར་སྟོན་རྒྱུའི་རེ་བ་
    ཡོད་ཅེས་བཤད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་18ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་16ཉིན། ལང་པོ་ལཱ་མངའ་སྡེར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ནས་གནས་ཚུལ་འབྱོར་བར་གཞིགས་ན། ཚེས་15ཉིན་ལོ་སི་གསར་འགྱུར་རིག་གནས་ཡུལ་སྐོར་པུའི་པུའུ་ཀྲང་གཞོན་པ་ཧྲ་དབན་ཁུང·ལཱ་ཧྲ་མོང་ཏིས་ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་ཀྱིས་གསར་འགྱུར་དང་། རིག་གནས། ཡུལ་སྐོར་བཅས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་དང་ལྷག་པར་དུ་ཀྲུང་གོའི་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་ལོ་སིར་བསྟན་རྒྱུ་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བཏོན་ཡོད།
           ཚེས་15ཉིན། ཧྲ་དབན་ཁུང་ལང་པོ་ལཱ་མངའ་སྡེའི་ལོ་སི་བྱང་རྒྱུད་ས་ཁུལ་གྱི་གསར་འགྱུར་སྨྱན་སྦྱོར་ལས་དོན་གྱི་ལོ་ཚོགས་ནང་ཞུགས་ནས་ལང་པོ་ལཱ་མངའ་སྡེར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ལི་པོའི་ཀོང་དང་གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་པོས་ལོ་སིའི་བྱང་རྒྱུད་ཀྱི་ཞིང་ཆེན་དྲུག་གིས་ཀྲུང་གོ་ཕྱོགས་དང་གསར་འགྱུར་དང་། རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཐད་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུར་བསམ་འཆར་བརྗེ་རེས་བྱས་པ་རེད།
         ཧྲ་དབན་ཁུང་གིས་ད་ཕན་ལོ་ཤས་རིང་ལོ་སི་དང་ཀྲུང་གོ་ཕྱོགས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་རྒྱལ་ཁབ་གཉིས་པོའི་གསར་འགྱུར་དང་། རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་མ་ཐེབས་པར་བརྟེན་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད། 2014ལོར་ལོ་སི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་ཀྲུང་གོའི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་ཀོང་ཤིས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་མཉམ་ལས་གྲོས་མཐུན་བཞག་ནས་ཕྱོགས་གཉིས་པོས་འཕྲིན་ལམ་གྲངས་གཞི་དང་ཐད་གཏོང་འཕྲིན་བརྡ་བརྗེ་རེས་ལ་ཤུགས་སྣོན་བརྒྱབ་པར་བརྟེན་རྒྱལ་ཁབ་གཉིས་ཀྱི་རིག་གནས་སྤེལ་རེས་ཟབ་ཏུ་ཕྱིན་ཡོད། 2015ལོར་ཀྲུང་གོས་ལོ་སིར་རོགས་རམ་བྱས་ཏེ་འཕྲིན་གཏོང་སྲུང་སྐར་དང་པོ་བཏང་བར་བརྟེན་ལོ་སིའི་རླུང་འཕྲིན་བརྙན་འཕྲིན་སྟོན་པའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་ལོ་སིའི་དམངས་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།