འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིས་རང་རྒྱལ་དུ་དཔལ་འབྱོར་ཐད་ཀྱི་ཉེས་གསོག་དོགས་ཅན་ཞིག་བཟུང་སྐྱེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་18ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་16ཉིན། སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱིས་རེ་བ་བཏོན་པ་ལྟར་ཨ་རིའི་གནས་སྤོས་མི་སེར་གྱི་འགག་སྒོའི་ཁྲིམས་བསྟར་ཅུས་ཀྱི་ལས་དོན་པས་བཟུང་སྐྱེལ་བྱས་པའི་འོག་ཧུའུ་པེ་དང་ཀོང་ཏུང་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བཀའ་རྒྱ་བཏང་བའི་དཔལ་འབྱོར་ཐད་ཀྱི་ཉེས་གསོག་དོགས་ཅན་ཀྲོའུ་ཆེ་གེ་མོ་པེ་ཅིང་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་དུ་བཟུང་སྐྱེལ་བྱས་པ་རེད། དེ་ནི་འདི་ལོའི་ཟླ་6ཚེས་1ཉིན་ཨ་རིས་རང་རྒྱལ་དུ་ཚབས་ཆེའི་ཉེས་དོན་ཉེས་གསོག་དོགས་ཅན་ཀྲུའུ་ཆེ་གེ་མོ་བསྐྱལ་རྗེས་ཀྱི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཁྲིམས་བསྟར་སྡེ་ཚན་གྱི་ཁྲིམས་བསྟར་བྲོས་འདེད་མཉམ་ལས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་གཞན་ཞིག་ཡིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོའི་ཟླ་10ནས་2014ལོའི་ཟླ་4བར། ཧུའུ་པེའི་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སི་ཞིག་གི་ཁྲིམས་བཀོད་འཐུས་མི་ཀྲོའུ་ཆེ་གེ་མོས་གཉེར་སྐྱོང་བྱེད་བཞིན་པའི་ཀུང་སི་ཐོན་སྐྱེད་བྱེད་མཚམས་བཞག་ནས་དངུལ་བུན་སྤྲོད་ཐབས་བྲལ་བའི་གནས་ཚུལ་འོག་ངོ་སྤྲོད་ཡི་གེ་རྫུན་བཟོ་དང་། དངུལ་བུན་སྤྱོད་ཡུལ་རྫུན་བཟོ། གཏའ་མ་རྫུན་བཟོ་སོགས་ཀྱི་བྱ་ཐབས་སྤྱད་དེ་སྔ་རྗེས་སུ་དངུལ་རྩའི་སྒྲིག་གཞི་བཞི་ནས་སྒོར་དུང་ཕྱུར་3.54ཡི་དངུལ་བུན་གཡོ་ལེན་དང་དངུལ་འགྲུལ་འཛིན་ཤོག་བརྗེ་སྤྲོད་བྱས་རྗེས་ཀྲོའུ་ཆེ་གེ་མོས་མི་གཞན་ལ་དངུལ་འགྲུལ་འཛིན་ཤོག་བརྗེ་སྤྲོད་བྱས་པ་ཁྲིམས་འགལ་ངང་སྔོན་སྤྲོད་བྱེད་དགོས་པའི་ངན་སྐུལ་བྱས་ནས་སྔོན་ལ་དུས་ཚོད་སླེབས་པའི་དངུལ་ཁང་གི་དངུལ་བུན་སྤྲད་པ་དང་འབྲེལ་ཁང་པ་ཉོས་པ་དང་། སྐྱེད་ཆེའི་བུ་ལོན་འབོར་ཆེན་སྤྲོད་པ། སྐྱེད་གསབ་སོགས་བྱས་པ་རེད། 2014ལོའི་ཟླ་5ཚེས་6ཉིན་ཀྲོའུ་ཆེ་གེ་མོ་ཨ་རིར་བྲོས་པ་རེད། 2014ལོའི་ཟླ་5ཚེས་28ཉིན་ཧུའུ་པེ་ཞིང་ཆེན་དབྱིང་ཁྲེང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་དངུལ་བུན་ཁ་བསླུས་ཉེས་གསོག་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཉེས་གསོག་དོགས་ཅན་ཀྲོའུ་ཆེ་གེ་མོ་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་ལོ་དེ་རང་གི་ཟླ་7པར་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་ཀྲོའུ་ཆེ་གེ་མོར་འཛིན་བཟུང་བརྡ་ཁྱབ་དམར་པོ་བཏང་བ་རེད།
          ཀྲོའུ་ཆེ་གེ་མོ་བྲོས་བྱོལ་དུ་སོང་རྗེས། སྤྱི་བདེ་པུས་འཕྲལ་མར་ཨ་རིར་རྩད་འཛིན་ཐད་མཐུན་སྦྱོར་བྱ་རྒྱུའི་རེ་བ་བཏོན་ཡོད། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཁྲིམས་བསྟར་ལས་ཁུངས་ཀྱི་འབད་བརྩོན་ལྷོད་མེད་འོག འདི་ལོའི་ཟླ་8ཚེས་16ཉིན་ཨ་རི་ཕྱོགས་ཀྱིས་ཀྲོའུ་ཆེ་གེ་མོར་བརྟག་དཔྱད་བྱས་པ་དང་འབྲེལ་ཚུར་སྐྱེལ་གྱི་བརྒྱུད་རིམ་བཟོས་ནས་ཉེན་རྟོག་པ་མངགས་ཏེ་ཀྲུང་གོར་བསྐྱལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།