འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།འབུ་ཕྲ་ཚོད་ལྟའི་ཡིག་ཚགས་200ཙམ་གྱིས་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་
    དམག་གི་འབུ་ཕྲའི་དམག་འཁྲུག་ལ་སླར་ཡང་དཔང་རྟགས་གསར་པ་མཁོ་འདོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་18ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རང་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གིས་འབུ་ཕྲའི་དམག་འཁྲུག་གི་ཚོད་ལྟའི་ཞིབ་འཇུག་ཡིག་ཚགས་233གསར་དུ་ཤེས་རྟོགས་བྱུང་ཡོད། ཡིག་ཚགས་དེ་དག་ནང་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གིས་བྱི་རིམས་ཀྱི་དབྱུག་སྲིན་ནད་འབུ་དང་། སྐྱུག་བཤལ་ནད་འབུ། རྒྱུ་ཚད་སོགས་རིགས་བདུན་གྱི་འབུ་ཕྲ་ཞིབ་འཇུག་བྱེད་ཚད་མང་བ་དང་ཞིབ་འཇུག་བྱེད་མཁན་ནི་དུས་རབས་ཉི་ཤུ་པའི་ལོ་རབས་20པ་ནས་ལོ་རབས་40བར་གྱི་རི་པིན་གྱི་གསོ་རིག་ལས་རིགས་དང་། འབུ་ཕྲ་རིག་པའི་ལས་རིགས། སྐྱེ་དངོས་ཕྲ་རབ་རིག་པའི་ལས་རིགས་བཅས་ཀྱི་ཤེས་ཡོན་ཅན་དང་གསོ་རིག་མཁས་ཅན་བཅས་ཡིན་པ་རེད།
        རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གཙོ་གནད་རྣམ་གྲངས་ཏེ“ཀྲུང་གོ་དང་། ཨ་རི། རི་པིན། ཨུ་རུ་སུ་བཅས་རྒྱལ་ཁབ་བཞི་ཡིས་ཉར་ཚགས་བྱས་པའི་731ཡིག་ཚགས་བརྟག་དཔྱད་ཞིབ་འཇུག་དང་ཕྱོགས་བསྡུས་བེད་སྤྱོད”ཞིབ་འཇུག་བྱ་གཞི་ཚོགས་ཆུང་གིས་ཚེས་7ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ལོགས་སུ་བཤད་པ་ཞིག་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཡིག་ཚགས་དེ་དག་ཨ་རིའི་རྒྱལ་ཚོགས་དཔེ་དེབ་ཁང་དང་། རི་པིན་གྱི་ཨེ་ཤེ་ཡའི་ལོ་རྒྱུས་དཔྱད་ཡིག་ལྟེ་གནས། རི་པིན་གྱི་དེ་མིན་དམངས་ཁྲོད་སྒྲིག་གཞི་བཅས་སུ་ཉར་ཚགས་བྱས་ཡོད་པ་དང་ཞིབ་འཇུག་བྱ་གཞི་ཚོགས་ཆུང་གིས་པར་བརྒྱབ་པའི་ཡིག་ཆ་དེ་དག་རྒྱལ་ནང་དུ་དབོར་རྒྱུ་རེད། རིགས་གཅིག་མཁས་ཅན་གྱིས་ཡིག་ཚགས་དེ་དག་གིས་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གིས་རྒྱལ་སྤྱིའི་སྤྱི་ཆིངས་ལས་རྒྱབ་འགལ་བྱས་ཏེ་འབུ་ཕྲའི་དམག་འཁྲུག་གི་སྡིག་ཉེས་ཐེར་འདོན་བྱ་རྒྱུར་དཔང་རྟགས་གསར་པ་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད།
         ཞིབ་འཇུག་རྣམ་གྲངས་ཚོགས་ཆུང་གི་གཙོ་སྐྱོང་པ་དང་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི་731དཔུང་སྡེའི་སྡིག་ཉེས་དཔང་རྟགས་བཤམས་སྟོན་ཁང་གི་ཀོན་ཀྲང་ཅིན་ཁྲེང་མིན་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་ནང་འབུ་ཕྲ་ཚོད་ལྟ་དང་དེ་བཞིན་འབུ་ཕྲའི་མཚོན་ཆ་བཟོ་རྒྱུ་དང་སྤྱོད་རྒྱུ་དེ་ནི་རི་པིན་དམག་གི་གསང་བ་གཙོ་བོའི་གྲས་རེད། ཚོད་ལྟའི་སྙན་ཞུ་དེ་དག་འབྲི་མཁན་གཙོ་བོ་ནི་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི་731དཔུང་སྡེ་དང་། སྐམ་དམག་དམག་ཁུལ་གསོ་རིག སྐམ་དམག་ལས་ཁུངས་སྨན་དོན་ཅུས། རི་པིན་གྱི་མཐོ་རིམ་གསོ་རིག་སློབ་གླིང་སློབ་གྲྭ་བཅས་ནས་ཡིན་ཞེས་ངོ་སྤྲོད་བྱས།
         ཤེས་རྟོགས་བྱུང་བར་གཞིགས་ན། 1932ལོ་ནས་1945ལོ་བར་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི་731དཔུང་སྡེས་གཙོས་པའི་རི་པིན་དམག་གི་འབུ་ཕྲའི་དམག་དཔུང་ཁག་གིས་གཞི་ཁྱོན་ཆེན་པོས་སྲོག་ཆགས་སྐྱེ་དངོས་ལ་ཚོད་ལྟ་དང་། མི་ལ་ཚོད་ལྟ། ཐང་སྟོང་ཚོད་ལྟ་སོགས་བྱས་པ་མ་ཟད། བྱི་རིམས་ཀྱི་དབྱུག་སྲིན་སོགས་འབུ་ཕྲ་སྣ་ཁ་50ཙམ་ལ་ཚོད་ལྟ་དང་ཞིབ་འཇུག་བྱས་ཡོད། 1939ལོའི་ནུའོ་མོན་ཧན་དམག་འཁྲུག་ལངས་ཚུན་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གིས་རང་རྒྱལ་གྱི་ཧྲན་ཏུང་དང་། ཀྲེ་ཅང་། ཧུའུ་ནན་སོགས་ས་ཆར་གཞི་ཁྱོན་ཆེན་པོས་འབུ་ཕྲའི་མཚོན་ཆ་སྤྱད་པར་བརྟེན་ཉུང་མཐར་ཡང་མི་ཁྲི་20ཤི་རྨས་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།