འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོར་བོད་ལྗོངས་ཀྱི་མི་ཁྲི་15ཙམ་དབུལ་སྒྲོལ་ཐུབ་པ།

    གྲོང་ཚོ་དབུལ་པོ་མང་པོ་ཞིག་དབུལ་པོའི་གནས་ལས་ཐར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་18ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་15ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་བདེ་ཐང་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2016ལོར་བོད་ལྗོངས་ཀྱི་མི་འབོར་དབུལ་པོ་མི་ཁྲི་14.7ཉུང་དུ་ཕྱིན་པ་དང་། གྲོང་ཚོ(གྲོང་ལྷན)དབུལ་པོ་1008དབུལ་སྒྲོལ་ཐུབ་པ། རྫོང་དང(ཆུས)དབུལ་པོ་10དབུལ་སྒྲོལ་ཞྭ་མོ་འབུད་པའི་ཆ་རྐྱེན་དང་མཐུན་ཡོད་པ་རེད།
         བོད་ལྗོངས་ནི་ཀྲུང་གོའི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་ས་ཁུལ་དབུལ་པོ་གཅིག་པུ་དེ་ཡིན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ནས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་མངོན་འགྱུར་ཐུབ་པ་བྱེད་ཆེད། ཀྲུང་གོས་ད་ཆ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་འབུད་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་པོའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པ་བཅས་ཀྱི་འགན་ལེན་བྱེད་རྒྱུ་ཡིན་ཞེས་བཏོན་པ་རེད།
         “ང་ཚོས་གནད་སྨིན་འདུ་ཤེས་དེ་སུ་ལ་དབུལ་སྐྱོར་བྱེད་པ་དང་། སུས་དབུལ་སྐྱོར་བྱེད་པ། གང་འདྲ་བྱས་ནས་དབུལ་སྐྱོར་བྱེད་པ། གང་འདྲ་བྱས་ནས་དབུལ་སྒྲོལ་ཐུབ་པ་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཚང་མའི་ཁྲོད་དོན་འཁྱོལ་བྱས་ནས་མི་འབོར་དབུལ་པོ་རྒྱུན་ཆད་མེད་པར་དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་དབུལ་པོའི་གནས་ལས་ཐར་བ། རྫོང་དབུལ་པོའི་དབུལ་པོའི་ཞྭ་མོ་འབུད་པ་བཅས་བྱས་ནས་དབུལ་སྒྲོལ་གྲུབ་འབྲས་ལ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐོབ་པའི་འགན་ལེན་བྱེད་རྒྱུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལུའུ་ཧྭ་ཏུང་གིས་དེ་ལྟར་བརྗོད་པ་དང་། ད་དུང་ཁོང་གིས་2017ལོར་ལྗོངས་ཡོངས་ཀྱིས་མི་འབོར་དབུལ་པོ་མི་ཁྲི་13ཡན་ཉུང་དུ་གཏོང་བ་དང་། རྫོང་དབུལ་པོ་25ཡི་དབུལ་པོའི་ཞྭ་མོ་འབུད་པ། མི་ཁྲི་16.3ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་སྒྲིག་འཛུགས་བྱེད་པ་བཅས་ཀྱི་བརྩོན་ལེན་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།
         གྲངས་གཞི་ལས་མངོན་པར་གཞིགས་ན། 2015ལོའི་ལོ་མཇུག་བར་བོད་ལྗོངས་ལ་ད་དུང་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་མི་ཁྲི་59ཡོད་པ་དང་། དབུལ་པོར་གྱུར་ཚད་25%ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
         2016ལོར་བོད་ལྗོངས་ཀྱིས་ཁྱོན་ཡོངས་ཀྱི་འགག་སྒྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གནད་སྨིན་དབུལ་སྐྱོར་གྱི་བྱ་ཐབས་དོན་འཁྱོལ་བྱས་ཏེ་རྣམ་གྲངས་དང་། ཐོན་ལས། བདེ་སྡོད། གནས་སྤོ། ལས་ཞུགས། རྩལ་ནུས། བོད་སྐྱོར་སོགས་ཀྱི་དབུལ་སྐྱོར་བྱ་ཐབས་སྣ་ཚོགས་བརྒྱུད་མི་འབོར་དབུལ་པོའི་དབུལ་སྒྲོལ་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།
         ཚོགས་འདུའི་ཐོག་བོད་ལྗོངས་ཀྱི་མི་འབོར་དབུལ་པོའི་ནད་ཆེན་དང་གཅོང་ནད་འགན་ལེན་གྱི་ནུས་པ་ཆེ་རུ་གཏོང་ཆེད། 2017ལོར་བོད་ལྗོངས་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་100%ལ་ཁྱབ་པ་བྱེད་པ་དང་དུས་མཚུངས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་གཞི་རྩའི་སྨན་བཅོས་འགྲོ་སོང་རྩིས་ཞུའི་བསྡུར་ཚད་ཆ་སྙོམས་5%ཡན་བར་མཐོ་རུ་འགྲོ་བ་དང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་སྲིད་ཇུས་ཁྱབ་ཁོངས་ནང་སྨན་ཁང་དུ་སྡོད་པའི་གྲོན་དངུལ་རྩིས་ཞུའི་བསྡུར་ཚད་ཆ་སྙོམས་80%ཙམ་མཐོ་རུ་འགྲོ་བའི་བརྩོན་ལེན་བྱེད་རྒྱུ་དང་། 2017ལོར་བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་མི་རེའི་ཆ་སྙོམས་སྨན་བཅོས་ཀྱི་སྲིད་གཞུང་གི་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་475བར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།