འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ལྷ་སའི་ཡུལ་སྐོར་ལྟེ་གནས་དང་ཡུལ་སྐོར་ཁུལ་གཉིས་འཛུགས་སྐྲུན་བྱ་རྒྱུ་
    ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་14ཉིན། 16:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ། ཉེ་སྔོན་《བོད་རང་སྐྱོང་ལྗོངས"ལོ་ལྔ་ཚན་བཅུ་གསུམ་པའི"ཡུལ་སྐོར་ལས་རིགས་འཕེལ་རྒྱས་འཆར་འགོད》དངོས་སུ་བཏོན་པ་རེད། "ལོ་ལྔ་ཚན་བཅུ་གསུམ་པ"ཡི་རིང་དུ"མཐོ་སྒང་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཛམ་གླིང་ཡུལ་སྐོར་བྱ་ཡུལ"བསྐྲུན་རྒྱུའི་དམིགས་ཡུལ་ལ་དམིགས་ནས་བོད་ལྗོངས་ཀྱིས་ལྷ་ས་ཡུལ་སྐོར་ལྟེ་གནས་དང་། ཉིང་ཁྲི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ཁུལ་དང་གངས་དཀར་ཏེ་སེ་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་འཛུགས་སྐྲུན་བྱས་ནས་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་ནས་ལྗོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་སུ་བསྒྱུར་བར་གང་མགྱོགས་བྱ་རྒྱུ་རེད།
         འཆར་འགོད་ལ་གཞིགས་ན། མ་འོངས་པའི་ལོ་འགའི་ནང་དུ། བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་གསར་སྐྲུན་བྱ་རྒྱུ་སྣེ་ཁྲིད་བྱས་ཏེ་ལྷ་སའི་གྲོང་ཁུལ་གཙོ་བོ་གཙོ་གནད་དུ་བཟུང་ནས་ཁོངས་ཡོངས་ཅན་གྱི་གྲོང་ཁྱེར་ཡུལ་སྐོར་ལྟེ་གནས་ཁུལ་འཛུགས་སྐྲུན་བྱ་རྒྱུ་དང་། གྲོང་ཁྱེར་གྱི་ཡུལ་སྐོར་ལྟེ་གནས་ཁུལ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ཁུལ། གྲོང་ཁྱེར་གྱི་ནུས་པ་གསར་གཏོད་བསྐྱེད་སྤེལ་ཁུལ། སྐྱེ་ཁམས་ཡུལ་སྐོར་རྒྱ་བསྐྱེད་ཁུལ་བཅས་ཀྱི་བར་སྟོང་ནུས་པ་གཞི་སྒྲོམ་མ་ལག་འཛུགས་སྐྲུན་བྱེད་པར་བརྟེན་ནས་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་འདུས་ཁུལ་དང"ཞང་ཞུང་མེ་ཏོག"སྐྱེ་ཁམས་ཡུལ་སྐོར་རིག་གནས་ཐོན་ལས་གླིང་གཙོ་གནད་དུ་བཟུང་སྟེ་འཛུགས་སྐྲུན་བྱ་རྒྱུ། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་གསར་གཏོད་མཛེས་ལྗོངས་ཁུལ་ལེགས་པོ་གསར་སྤེལ་ལ་སྐུལ་འདེད་བཏང་ནས་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དང་ཡུལ་སྐོར་གྱི་ཆ་འགྲིག་སྒྲིག་བཀོད་འཐུས་ཚང་དུ་གཏོང་རྒྱུ། ཕོ་བྲང་པོ་ཏ་ལའི་མཛེས་ལྗོངས་ཁུལ་དང་། ནོར་བུ་གླིང་ཁའི་མཛེས་ལྗོངས་ཁུལ། བར་སྐོར་ཁྲོམ་ལམ་ལོ་རྒྱུས་རིག་གནས་སྲང་ལམ་ཁུལ། གནམ་མཚོའི་མཛེས་ལྗོངས་ཁུལ་སོགས་འཛམ་གླིང་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལེགས་པོ་ཁག་ཅིག་འཛུགས་སྐྲུན་བྱ་རྒྱུ། ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་བ་དང་ཁྱད་ཆོས་ལྡན་པའི་གྲོང་ཚོ་འཛུགས་སྐྲུན་བྱེད་པར་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་གསོ་བག་ཕེབས་ཡུལ་སྐོར་དང་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་བཅས་རེད།
         ཉིང་ཁྲི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ཁུལ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བྱ་རྒྱུ་གཙོ་བོ་བྱས་ཏེ་ལྗང་མདོག་ཐཱན་ཉུང་ཡུལ་སྐོར་དང་སྐྱེ་ཁམས་ངལ་གསོ་བག་ཕེབས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཉང་ཆུ་ཡུལ་སྐོར་ཁུལ་དང་། བྲག་གསུམ་མཚོའི་ཡུལ་སྐོར་ཁུལ་ཆེན་པོ། སྤོ་བོའི་འཁྱགས་རོམ་ནགས་ཚལ་ཡུལ་སྐོར་ཁུལ། འཕྲེད་རྒྱུག་རི་བོའི་རྒྱལ་མོ་རྔུལ་ཆུའི་གྲོག་རོང་ཡུལ་སྐོར་ཁུལ། ཡར་ཀླུང་གཙང་པོའི་གྲོག་རོང་ཡུལ་སྐོར་ཁུལ། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ་སོགས་སྐྱེ་ཁམས་ཡུལ་སྐོར་ནུས་པའི་ཁུལ་ཆེན་པོ་བདུན་འཛུགས་སྐྲུན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།