འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཀན་ལྷོ་ཀྲོའུ་ཡི་གྲོང་སྲོལ་དམངས་ཆིངས་ལས་དར་སྲོལ་བཟང་པོ་ཆགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་14ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྩྭ་ཐང་ལ“གཙང་ལྷོའི་མི་ཚང”ཞིག་མངོན་མེད་དུ་གནས་ཤིང་། མིང་ཆིང་རྒྱལ་རབས་དུས་སྐབས་ཀྱི་ཅང་ཧོའེ་ཡི་ཡུལ་མི་གནས་སྤོ་བྱ་ཡུལ་ཡིན་པའི་བཱ་ཙེ་རྫོང་གཡང་ཡོང་གྲོང་རྡལ་ལི་རྒང་གྲོང་ཚོར་དུས་ད་ལྟའང་ཆུ་མང་ས་ཁུལ་གྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད།
          གཡང་ཡོང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཞའོ་ཀྲུང་གིས། དེ་སྔོན་གྲོང་ཚོར་གད་སྙིགས་གང་སར་མཐོང་རྒྱུ་ཡོད་ལ་བཙོག་ཆུའང་གང་སར་རྒྱུག་གི་ཡོད་པས་ཆར་དུས་སུ་གོམ་པའང་རྒྱག་ས་མེད། གྲོང་མི་རྣམས་ཀྱིས་མུའུ་ཁ་ཤས་ལས་མེད་པའི་ཞིང་ཁ་བསྲུངས་ཏེ་དཀའ་ལས་ལོ་གཅིག་ཙམ་བརྒྱབ་ཀྱང་ཡོང་འབབ་དེ་ཙམ་མང་པོ་མེད་པའི་ཁར་ཁྱིམ་མཚེས་དབར་ལའང་རྟག་ཏུ་འགལ་ཟླ་ཐོན་གྱི་ཡོད།
          གྲོང་ཚོ་གཞན་གྱིས་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་སྐྱེ་དངོས་འཕེལ་རྒྱས་བཏང་བ། ཐ་ན་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་ནས་འཚོ་བ་སྐྱིད་ཅིང་རྒྱགས་པ་སྐྱེལ་བ་མཐོང་སྐབས། ལི་རྒང་གྲོང་ཚོའི་གྲོང་མི་རྣམས་སེམས་འཚབ་སྐྱེས་ཀྱི་ཡོད། “གོ་ཐོས་ལ་ཀྲུང་ལུགས་སྨན་རྒྱུར་ཚོང་ལམ་ཡག་པོ་འདུག་ཟེར་གྱི་འདུག དེ་མི་འདེབས་པའི་རྒྱུ་མཚན་གང་ཡིན”“ང་ཚོའི་གྲོང་ཚོར་ཡང་གཙང་སྦྲ་བྱས་ན་ཡུལ་ལྗོངས་མཛེས་པོ་ཡོད”གྲོང་ཚོའི་ཚོགས་ཆེན་འཚོག་སྐབས་གྲོང་མི་ཚོར་རང་ཉིད་ཀྱི་བསམ་འཆར་ལྷུག་པོར་གླེང་དུ་བཅུག་ནས་མཐའ་མར་《ལི་རྒང་གྲོང་ཚོའི་གྲོང་སྲོལ་དམངས་ཆིངས་》དང་《ལི་རྒང་གྲོང་ཚོའི་གྲོང་མིའི་འཕྲོད་བསྟེན་གྱི་སྤྱི་ཆིངས་》ལ་སྤ་སེ་མང་པོས་མོས་མཐུན་བྱུང་། ཏང་ཡོན་རྒན་གྲས་དང་གྲོང་ཚོའི་ལས་བྱེད་པ་ལས་གྲུབ་པའི་ལྟ་སྐུལ་ཚོགས་ཆུང་བཙུགས་ནས་གྲོང་སྲོལ་དམངས་ཆིངས་དང་མ་མཐུན་པའི་ཆ་ཡོད་པ་ཤེས་ཚེ་ཁོང་ཚོས་འཕྲལ་དུ་འགན་འཁྲིའི་མི་སྣར་བརྡ་ཐོ་བཏང་སྟེ་ནོར་འཁྲུལ་ཤེས་པ་དང་ཡོ་བསྲང་བྱས་ཡོད། གྲོང་མི་ཚོས་གྲོས་བསྡུར་བྱས་པ་བརྒྱུད། ལྕ་བ་དང་ཧོང་ཆེན་སོགས་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་འཕེལ་རྒྱས་བཏང་བ་དང་ཞིང་པའི་སྤྲོ་སྐྱིད་ཁང་གི་ཉིན་རེའི་ལས་རིམ་ཡང་ཇེ་མཐོར་བཏང་བར་བརྟེན། ན་ནིང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་4000ལྷག་ཙམ་ཟིན་ཡོད། ཁོར་ཡུག་ལེགས་སུ་ཕྱིན་པ་དང་། ཡོང་འབབ་མང་དུ་ཕྱིན་པ། མི་གཡང་ཁུག་པ་བཅས་ལས་ཚང་མའི་སེམས་ལ་མི་མཐུན་པའི་ཆ་བྱུང་རུང་སེམས་པ་ལྷོད་ལ་ཕབ་སྟེ་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད།
          ཞིང་འབྲོག་པའི་ཧུར་སེམས་དང་རང་འགུལ་རང་བཞིན་སྐོང་འཐེན་བྱ་ཆེད། ཀན་ལྷོ་ཀྲོའུ་ཡིས་ཐོག་མའི་གསར་གཏོད་ཀྱི་སྙིང་སྟོབས་འདོན་སྤེལ་ལ་ཁྲིད་སྟོན་བྱས་ཏེ་གྲོང་སྲོལ་དམངས་ཆིངས་བཟོས་ནས་རང་ངོས་དོ་དམ་དང་། རང་ངོས་སྲུང་སྐྱོང་། རང་ངོས་ལྟ་སྐུལ་བཅས་བྱས་ཐོག་གྲོང་ཚོའི་ནང་ངོས་ནས་ཕྱི་ངོས་བར་འགྱུར་ལྡོག་བཏང་ཡོད།
         གྲོང་སྲོལ་དམངས་ཆིངས་བཟོ་བའི་བརྒྱུད་རིམ་དེ་ཙམ་བདེ་བླག་བྱུང་མེད། ཀླུ་ཆུ་རྫོང་མཚོ་ཉིན་ཤང་ཀ་ཤུལ་གྲོང་ཚོ་ནི་གསར་དུ་བསྐྲུན་པའི་གྲོང་ཚོ་ཞིག་ཡིན་པ་དང་སྐྱ་སྤོས་ནས་གཞིས་ཆགས་ལ་བསྒྱུར་བ་ཞིག་ཡིན་པས་གྲོང་མི་ཚོར་གཅིག་སྡུད་འཚོ་སྡོད་ཀྱི་ཉམས་མྱོང་མེད། དེས་ན་གནད་དོན་འཕྲད་ཚེ་ཐག་གཅོད་ཇི་ལྟར་བྱེད་དགོས་མིན་ཤེས་ཀྱི་མེད་པས་སྟབས་མི་བདེ་བ་མང་པོ་ཡོང་གི་ཡོད། མཚོ་ཉིན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་དོན་གྲུབ་ཀྱིས་གྲོང་མི་ཚོས་རང་ངོས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱ་ཆེད། གྲོང་ཚོར་གྲོང་སྲོལ་དམངས་ཆིངས་བཟོས་མོད། འོན་ཀྱང་དང་ཐོག་གྲོང་མི་ཚོས་བསམ་ཤེས་མི་བྱེད་པར“སྒོ་རར་གད་འཕྱིད་བྱེད་པ་དང་སྒེའུ་ཁུང་འཕྱིད་པར་ཡང་ཇུས་གཏོགས་བྱེད་དོན་ཅི་ཡིན་ནམ”ཞེས་པ་སོགས་བརྗོད་ཀྱི་ཡོད། གྲོང་མིའི་ཚོགས་ཆེན་ཐེངས་13བསྟུད་མར་འཚོགས་པ་དང་ཏང་ཡོན་ལས་བྱེད་པ་དང་ཚང་མས་རྒྱུན་དུ་བརྩི་བཀུར་བྱེད་པའི་རྒན་རྒོན་ཁག་གཅིག་གིས་དུད་ཚང་རེ་རེ་བྱས་ཏེ་བསམ་བློའི་སློབ་གསོ་བརྒྱབ་པས་མཐར་གྲོང་ཚོ་ཡོངས་ཀྱི་དུད་ཚང་390ལས་དུད་ཚང་360ཡི་མོས་མཐུན་བྱུང་ཞེས་བཤད།
          གྲོང་སྲོལ་དམངས་ཆིངས་ལས་དར་སྲོལ་བཟང་པོ་ཆགས་ཤིང་། ཤོག་ཐོག་གི་དོན་ཚན་དག་བཀའ་བཟང་གསོས་སུ་སྨིན་པ་ལྟར་གྲོང་མི་ཚོའི་བྱ་སྤྱོད་ཀྱི་ཚད་གཞིར་གྱུར་ཡོད། ཀ་ཤུལ་གྲོང་ཚོའི་གྲོང་མི་ཚོས་རྒྱན་པོ་འགྱེད་པ་དང་ཆང་རག་བཏུངས་ནས་ར་བཟི་བ་སོགས་བྱ་མི་རུང་བ་དང་དེ་ལས་འགལ་ཚེ་གྲོང་ཚོའི་མཉམ་སྡེབ་ལ་མར་རྒྱ་མ་དོ་སྐྱེལ་དགོས་པའི་གཏན་འབེབས་བྱས་ཡོད། ཁོར་ཡུག་དཔྱད་བསྡུར་སྐབས་ཕུལ་དུ་བྱུང་བའི་ཁྱིམ་ཚང་ལ་འཚོ་བའི་མཁོ་ཆས་བྱ་དགར་སྤྲད་པ་རེད། བསོད་ནམས་དོན་གྲུབ་ཀྱིས“མར་རྒྱ་མ་དོར་སྒོར་50ལྷག་ཙམ་ལས་རི་གི་མེད་མོད། འོན་ཀྱང་གྲོང་མི་སུ་ཞིག་ཀྱང་དམིགས་འཛུགས་མིང་འདོན་བྱེད་འདོད་མེད་སྟབས་ད་ཆ་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད”ཅེས་བཤད། གཙོས་གྲོང་ཁྱེར་སྣ་བུག་ཤང་ལ་རྩ་གྲོང་ཚོའི་གྲོང་མི་རིག་འཛིན་རྡོ་རྗེ་རྟག་ཏུ་ཕྱིར་སྐྱེལ་འདྲེན་ལས་ལ་གཞོལ་གྱི་ཡོད་མོད། འོན་ཀྱང་ཁྱིམ་དུ་ཡོད་ཚེ་ཁོང་གིས་གྲོང་ཚོའི་གད་འཕྱིད་གཙང་སྦྲར་ངེས་པར་དུ་ཞུགས་ཀྱི་ཡོད། “སྒྲིག་ལམ་ནི་གྲོང་མི་ཚང་མ་མཉམ་དུ་གྲོས་བསྡུར་བྱས་ནས་བྱུང་བ་ཞིག་ཡིན་པས། ངས་དེར་སེམས་གཏིང་ནས་བརྩི་འཇོག་བྱེད་ཀྱི་ཡོད། ད་ཆ་ལམ་དུ་གད་སྙིགས་མཐོང་ཚེ་འཕྲལ་མར་སྒྲུག་དགོས་ཀྱི་འདུག”ཅེས་བཤད།
          ད་ཆ་ཀན་ལྷོ་ཀྲོའུ་ཡི་ཞིང་འབྲོག་པའི་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། གྲོང་སྲོལ་དམངས་ཆིངས་ཤོག་ཐོག་ཏུ་བྲིས་པ་དང་གྱང་ཐོག་ཏུ་བཀལ་བ་མ་ཟད་ཞིང་འབྲོག་པའི་སེམས་སུ་དེ་བས་ཟུག་ཡོད། ཡུས་ཁྲེང་ཧུའེ་ཡིས་གྲོང་མིའི་རང་སྐྱོང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་བརྒྱུད་གོམས་སྲོལ་བསྒྱུར་ཏེ“བཙོག་ཟིང་ཞན”གསུམ་ལེགས་བཅོས་བྱུང་བ་དང་། “སྒྱིད་ལུག་དང་རྣམ་གཡེང”ཐག་གཅོད་བྱུང་བ། “བདེན་ལེགས་མཛེས”གསུམ་མངོན་འགྱུར་བྱུང་ནས་ཤེས་དཔལ་གྱི་དར་སྲོལ་བཟང་པོ་ཀན་ལྷོ་ཀྲོའུ་ཡི་ཁུག་ཀྱོག་ཚང་མར་ཁྱབ་པ་དང་ཤེས་དཔལ་གྱི་བྱ་སྤྱོད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་རིན་ཐང་དོན་གཉེར་བྱ་གཞིར་གྱུར་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།