འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཞིང་རའི་ལས་མིས་ཡུག་རེན་གྱི་གྲོང་ཚོར་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱེད།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཅུན་ཕུང་དང་ཀྲུང་ཀྲུང་གིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་14ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          བཏབ་མ་ཐག་པའི་རྨོ་ཞིང་དང་། ཞིང་ར་ཆུང་ཆུང་མང་པོ། སྟབས་བདེ་ལ་གྲལ་འགྲིག་པའི་ཁང་པ་སྟར་པ་མང་པོ་སོགས་ནི་ཡུག་རེན་བྱང་རྒྱུད་ཆི་ཉི་ཀེ་ཕུའུ་ཀྲོའུ་རུ་གནས་པའི་མི་རྣམས་ཀྱིས་བརྗེད་ངད་དུ་སོང་བའི་ལུང་ཁུག་སྟེ་ཁོའོ་ལིའུ་ཁའོ་ཕུའུ་ཁ་གྲོང་རྡལ་དང་ན་ཝུའུ་མོ་ཕུའུ་ཁ་གྲོང་རྡལ་ཉེ་འགྲམ་གྱི་གྲོང་ཚོའི་རྣམ་པ་རེད།
           དུས་སྐབས་ཤིག་རིང་གྲོང་རྡལ་དེ་གཉིས་ཀྱི་ཁོངས་གཏོགས་གྲོང་ཚོའི་ཁང་པ་བརྡིབས་པ་དང་ས་ཞིང་ཐང་རྒོད་དུ་གྱུར་ནས་ཞིང་དུད་རྣམས་ས་ཞིང་ལ་བརྟེན་ནས་འཚོ་རྟེན་མི་ཐུབ་པར་བརྟེན་ཚང་མ་གཅིག་མཇུག་གཉིས་མཐུད་ངང་ཕྱི་ཕྱོགས་སུ་ལས་མི་བྱེད་པར་བསྐྱོད་ཡོད། ད་ཆ་ཕ་ཡུལ་དང་བྲལ་བའི་ཞིང་དུད་རྣམས་སླར་ཡང་དེ་ཁུལ་དུ་ལོག་པས་དེ་ཁུལ་གྱི་ས་ཞིང་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་རབ་ཏུ་རྒྱས་ཡོད། འགྱུར་ལྡོག་དེ་དག་ནི་ལོ་བཞིའི་གོང་ཀྲུང་གོའི་ཞིང་རའི་ལས་མི་དང་ས་གནས་དེ་གའི་ཞིང་ལས་ཁེ་ལས་མཉམ་ལས་ཐེངས་ཤིག་བྱས་པ་ལས་བྱུང་བ་ཞིག་རེད།
          ལོ་བཞིའི་གོང་ཧོ་ནན་ཧོང་ཧྥན་ཆུས་ཞིང་རས་ཡུག་རེན་གྱི་ཞིང་ལས་ཁེ་ལས་དང་མཉམ་ལས་བྱས་ཏེ་ཀྲུང་གོ་ཕྱོགས་ཀྱིས་མ་རྐང་ཚོད་འཛིན་བྱས་པའི“ཧྥན་ཏ”ཞིང་ལས་ཀུང་སི་བཙུགས་པ་རེད། ཀུང་སི་བཙུགས་པ་ནས་བཟུང་ཀྲུང་གོ་ཕྱོགས་ཀྱིས་རིམ་རྩིས་ལྟར་ན། ས་གནས་དེར་མ་འཇོག་ཨ་སྒོར་ཁྲི་1000ཙམ་བྱས་ནས་སྤྱི་ཆིང་3000ཟིན་པའི་རྨོ་ཞིང་དང་སྤྱི་ཆིང་2700ཟིན་པའི་ནགས་ར་བོགས་མར་བླངས་ཏེ་བཞོན་མ་དང་། ཕྱུགས་རིགས་གསོ་ཚགས། གཟན་རྩྭ་དང་ལོ་ཏོག་འདེབས་འཛུགས་སོགས་ཀྱི་ལས་ལ་གཙོ་བོར་གཞོལ་ནས་ས་གནས་དེ་གར་ཐད་ཀར་ལས་ཞུགས་ལས་གནས་250ལྷག་ཙམ་བཏོད་པས་ས་གནས་དེ་གའི་ཞིང་ལས་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེས་ཆེར་ཕྱིན་ཡོད་པ་རེད།
         དེ་སྔ་ཕ་ཡུལ་དང་འབྲལ་ནས་རྒྱལ་ས་ཁེ་ཝི་རུ་འཚོ་བ་སྐྱེལ་བར་འགྲོ་མཁན་ཕུའུ་ལ་ཅི་སྨིར·མེ་ཐེ་ལ་ད་ཆ“ཧྥན་ཏ”ཀུང་སིའི་འདྲུད་འཐེན་འཕྲུལ་འཁོར་གཏོང་མཁན་ཞིག་ཡིན་པ་དང་། ཁོ་བོའི་ཆུང་མ་ཡང་ཀུང་སིའི་རྩིས་པར་གདན་ཞུ་བྱས་ཡོད་པ་རེད།
          “ང་རང་ཀྲུང་གོའི་ཀུང་སིར་ལས་ཀ་བྱས་ནས་ལོ་བཞི་འགྲོ་གྲབས་འདུག ལས་ཀ་དེ་བརྟན་པོ་འདུག་ལ་གླ་ཆ་འགྱངས་ཆད་བྱེད་མྱོང་མེད། ཀུང་སིའི་ཞིང་འཕྲུལ་ཚང་མ་གསར་རྐྱང་ཡིན་པས་སྤྱོད་སྐབས་ཧ་ཅང་བདེ་པོ་འདུག ཀྲུང་གོ་བས་ང་ཚོར་ཧ་ཅང་ཡག་པོ་བྱེད་ཀྱི་འདུག ང་ཚོའི་དབར་མཛའ་གྲོགས་ཟབ་མོ་ཆགས་ཡོད”ཅེས་མེ་ཐེ་ལ་ཡིས་སོན་འདེབས་འཕྲུལ་འཁོར་གཏོང་ཞོར་དུ་གསར་འགོད་པར་དེ་ལྟར་བཤད་བྱུང་།
         “ཧྥན་ཏ”ཀུང་སི་2013ལོར་བཙུགས་ནས་ཡུན་རིང་མ་སོང་བར་ཡུག་རེན་གྱི་སྲིད་དབང་བརྗེ་པོ་རྒྱག་པ་དང་ཤར་རྒྱུད་དམག་འཁྲུག་གི་ཟང་ཟིང་དུས་བབ་དང་འཕྲད་ཡོད་པ་རེད།
         “ཞེ་སྣང་སྐྱེས་མ་བྱུང་ཟེར་བ་རྫུས་མ་ཡིན་མོད། འོན་ཀྱང་ས་ཞིང་དེའི་ཕན་ཡོད་ཆ་རྐྱེན་དང་དེ་བཞིན་ཀྲུང་གོའི་ཞིང་ལས་ཁེ་ལས་ཕྱི་རྒྱལ་དུ་སྐྱོད་པའི་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་བསམ་གཞིག་བྱས་ཏེ་ང་ཚོས་དེ་གར་སྡོད་རྒྱུ་རྒྱུན་འཁྱོངས་བྱས་པ་ལས་རྒྱལ་ནང་དུ་ཕྱིར་ལོག་བྱས་མེད། ད་ཆ་ལྟ་དུས་སྐབས་དེ་དུས་ཀྱི་གདམ་ག་འགྲིག་འདུག ད་ཆ་ང་ཚོས་ས་གནས་དེ་གའི་མི་དང་མཉམ་དུ་སྐྱིད་སྡུག་མཉམ་མྱོང་གི་འབྲེལ་བ་བརྟན་པོ་བཙུགས་པས་ཀུང་སིའང་ས་གནས་དེ་གར་འཕེལ་རྒྱས་བཟང་པོ་ཕྱིན་ཡོད། ང་ཚོས་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྩིས་ཡོད”ཅེས“ཧྥན་ཏ”ཀུང་སིའི་སྤྱི་ཁྱབ་ཅི་ལི་ཀྲང་ཀྲེན་ཧྭ་ཡིས་གསར་འགོད་པར་བཤད་བྱུང་།
         གསར་འགོད་པ“ཧྥན་ཏ”ཀུང་སིའི་གཤམ་འོག་གི་བ་ཕྱུགས་གསོ་ཚགས་ར་བར་སླེབས་སྐབས་དེ་ཁུལ་གྱི་འོ་མ་འཇོ་བའི་ལས་ཀ་མི་ཐབས་ཀྱིས་འཇོ་བ་ནས་འཕྲུལ་འཁོར་གྱིས་འཇོ་བའི་བར་གྱུར་པ་དང་། འོ་འཇོའི་འཕྲུལ་འཁོར་རྣམས་འོ་འཇོ་ཁང་གི་གྱང་སྟེང་ཐོག་གྲལ་འགྲིག་པོས་བཀལ་ཡོད་པ་དང་གནས་སྐབས་འོ་མ་སོས་ཉར་གྱི་ལྕགས་ཀྲིན་ཆེན་པོའང་གློག་རྡུལ་སྒྲིག་ཆས་ཀྱིས་རང་འགུལ་ངང་ལྟ་སྐུལ་ཚོད་འཛིན་དང་དྲོད་ཚད་སྙོམས་སྒྲིག་བྱེད་བཞིན་འདུག དེ་སྔོན་བ་ཕྱུགས་གསོ་ཚགས་ར་བ་དེ་མ་དངུལ་མི་འདང་བའི་དབང་གིས་སྒོ་རྒྱག་པའི་གནས་སུ་གྱར་ཡོད་པ་རེད།
         ལག་རྩལ་པ་ཨོ་ཅར·ལུའུ་ཆི་ཁོའོ་ཡིས“ཀྲུང་གོ་བས་དེ་ཁུལ་དུ་མ་འཇོག་བྱས་པ་ནས་བཟུང་ང་ཚོའི་གསོ་ཚགས་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་སོང་ལ་ཕྱུགས་རིགས་ལག་ཡོད་མགོ་གྲངས་ཀྱང་ལྡབ་གཅིག་འཕར་ཏེ་ཆ་སྙོམས་འོ་མ་ཐོན་ཚད་དེ་སྔོན་ལས་ཧ་ཅང་མང་དུ་ཕྱིན་སོང”ཞེས་བརྗོད་པ་རེད།
         འདེབས་འཛུགས་ལས་རིགས་ཐད་ཀུང་སི་དེས་ཞིང་འཕྲུལ་སྒྲིག་ཆས་ཆེ་གྲས་70ལྷག་ཙམ་ཉོས་པས་ལོ་ལྟར་གྱི་སོན་འདེབས་དང་བརྔ་བསྡུའི་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།
          ཀྲང་ཀྲེན་ཧྭ་ཡིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཧོ་ནན་ཞིང་ཆེན་སྲིད་གཞུང་གིས་ང་ཚོས་ཡུག་རེན་དུ་མ་འཇོག་བྱེད་ཚུལ་ལ་དོ་ཁུར་ཧ་ཅང་ཆེན་པོ་བྱས་པ་དང་འབྲེལ་ཤུགས་ཆེའི་རྒྱབ་སྐྱོར་བྱས་པས་ཡུག་རེན་གྱི་རྣམ་གྲངས་ལག་བསྟར་དེ་བས་ཡག་པ་བྱེད་པར་ང་ཚོར་ཡིད་ཆེས་ཡོད། འབྱུང་འགྱུར་ཀུང་སིས་ཀྲུང་གོའི་མ་དངུལ་སྔར་བས་མང་བ་འགུགས་ཐབས་བྱས་ཏེ་བཟའ་བཅའ་ལས་སྣོན་བཟོ་གྲྭ་དང་། སྔོ་ཚལ་དང་ཤིང་འབྲས་ཐོན་སྐྱེད་དྲོད་ཁང་ཆེ་མོ་བསྐྲུན་ནས་ཞིང་ལས་ཐོན་ལས་ཀྱི་འཁོར་འབྲེལ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟེ་ལས་ཞུགས་ལས་གནས་1500བར་མང་དུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།