འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གཟི་ཚྭ་སྡེ་དགུར་བརྒྱབ་པའི་ས་ཡོམ་རིམ་པ་7.0སྐོར་གྱི་དྲི་བ་གསུམ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་11ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་8ཉིན་གྱི་ཆུ་ཚོད་21དང་སྐར་མ་19ལ་ཀྲུང་གོ་ས་ཡོམ་ལས་ཁུངས་དྲ་ཚིགས་ཀྱི་སྟེང་དུ་ཁྱབ་བསྒྲགས་བྱས་པར། སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་གཟི་ཚྭ་སྡེ་དགུ་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་ཡོད་པ་རེད། གཟི་ཚྭ་སྡེ་དགུ་རུ་ས་ཡོམ་བརྒྱབ་པའི་གནས་ཚུལ་ཐོས་མ་ཐག་ཀྲུང་ཧྭའི་བུ་ཕྲུག་དུང་ཕྱུར་ཁ་ཤས་ཀྱི་སེམས་པ་སྐྱོ་ལྷང་ལྷང་དུ་གྱུར་པ་དང་། “ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་རམ་བྱེད་པའི”སྲོལ་བཟང་གི་རྒྱུན་བསྐྱངས་ཏེ་རོགས་སྐྱོར་བྱེད་འགོ་ཚུགས།
           ད་ཐེངས་ཀྱི་ས་ཡོམ་གྱི་ཞོར་ཐོན་གནོད་འཚེ་ཇི་ལྟ་བུ་ཡིན་ནམ། ས་ཡོམ་གྱི་ཉེན་ཟོན་སྔོན་བརྡའི་ནུས་པ་གང་འདྲ་བྱས་ནས་འདོན་དགོས་སམ། གོང་གསལ་གྱི་དྲི་བ་དག་ལ་དམིགས་ནས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ས་ཡོམ་བརྒྱབ་རྗེས་འཕྲལ་དུ་ཀྲུང་གོ་ས་ཡོམ་ལས་ཁུངས་དྲ་ཚིགས་ལྟེ་གནས་ས་ཡོམ་སྔོན་བརྡ་པུའི་ཀྲུའུ་རེན་ཞིབ་འཇུག་པ་ཅང་ཧའེ་ཁུན་དང་དེ་བཞིན་འབྲེལ་ཡོད་རིགས་གཅིག་མཁས་ཅན་ལ་བཅར་འདྲི་ཞུས།
           ད་ཐེངས་སི་ཁྲོན་གཟི་ཚྭ་སྡེ་དགུ་རུ་བརྒྱབ་པའི་རིམ་པ་7.0གྱི་ས་ཡོམ་དེ་རིགས་གང་གི་ཁོངས་སུ་གཏོགས་སམ།
            ཤེས་རྟོགས་རགས་ཙམ་བྱས་པ་བརྒྱུད། ད་ཐེངས་ཀྱི་ས་ཡོམ་ནང་མི་100ལྷག་ཙམ་ཤི་རྨས་བྱུང་བ་དང་། གཟི་ཚྭ་སྡེ་དགུ་རྫོང་གི་འཕྲིན་གཏོང་དང་གློག་ཤུགས་སླར་གསོ་བྱུང་ནའང་གཙང་རྩ་གྲོང་རྡལ་གྱི་སྡོད་ཁང་ཁག་གཅིག་ལོག་པ་དང་གཞུང་ལམ་ཁག་གཅིག་ལ་གཏོར་སྐྱོན་ཕོག་ཡོད་པ་རེད། གཟི་ཚྭ་སྡེ་དགུའི་ཀན་ཧའེ་ཙི་མཛེས་ལྗོངས་ཁུལ་དུ་རི་ཉིལ་ནས་ལམ་འགག་པས་རོགས་སྐྱོབ་མི་སྣས་ད་ལྟ་ལམ་གཤོང་བཞིན་ཡོད་པ་རེད།
           ཅང་ཧའེ་ཁུན་གྱིས་གས་སྲུབས་ནས་བལྟས་ན་ད་ཐེངས་ཀྱི་ས་ཡོམ་ནི་ངོས་སྙོམས་བཙིར་གནོན་བྱས་པ་ཞིག་ཡིན་པས། “བཤུད་བགྲོད་རྣམ་པའི་ས་ཡོམ”གྱི་ཁོངས་སུ་གཏོགས་པ་དང་དེ་ཡང་ཀྲུང་གོའི་སྐམ་ས་ཆེ་མོར་ཐོན་མང་ཤོས་ཀྱི་ས་ཡོམ་གྱི་གྲས་ཤིག་རེད་ཅེས་བཤད། ཁོང་གིས་གསར་འགོད་པར“ཐུར་རྡེག་ཁུལ་གྱི་ས་ཡོམ་ཡིན་ནའང་འདྲ་ཡང་ན་བཤུད་བགྲོད་རྣམ་པའི་ས་ཡོམ་ཡིན་ནའང་འདྲ། གལ་ཏེ་གས་སྲུབས་དང་ཉེ་བའི་ས་ཆ་ཡིན་ཚེ། གཏོར་སྐྱོན་ཆེན་པོ་ཕོག་སྲིད”ཅེས་བཤད།
           ད་ཐེངས་ས་ཡོམ་གྱི་ཞོར་ཐོན་གནོད་འཚེ་ཇི་ལྟ་བུ་ཡིན་ནམ།
          ཡོམ་འཕྲོ་དང་། འཁྱིལ་མཚོ། རི་ཉིལ་བ་སོགས་ས་ཡོམ་གྱི་ཞོར་ཐོན་གནོད་འཚེ་ནི་ས་ཡོམ་བརྒྱབ་རྗེས་ཕྱོགས་ཁག་གིས་དོ་སྣང་ཆེ་ཤོས་བྱེད་པའི་གནད་དོན་ཞིག་ཡིན་ལ། ཡོམ་འགོག་གེགས་སེལ་ལས་དོན་ལ་ཤུགས་རྐྱེན་བཟོ་བའི་ཕྱོགས་གལ་ཆེན་ཞིག་ཀྱང་རེད། ཚེས་9ཉིན་གྱི་ཆུ་ཚོད་12བར། ཁྱོན་ས་ཡོམ་ཐེངས་108བརྒྱབ་པ་ལས་རིམ་པ་3.0ནས་3.9བར་གྱི་ས་ཡོམ་ཐེངས་3བརྒྱབ་པ་རེད།
          ད་ཐེངས་ས་ཡོམ་གྱི་ཡོམ་ཁུངས་གཏིང་ཚད་སྤྱི་ལེ་20ཡིན་པ་དང་རིགས་གཅིག་མཁས་ཅན་གྱིས་ཡོམ་ཁུངས་ཀྱི་གཏིང་ཚད་ཇི་ཙམ་གྱིས་ཐུང་ན་ས་ངོས་ཀྱི་གནོད་འཚེ་དེ་ཙམ་གྱིས་ཚབས་ལྕི་བ་ཡོད་རུང་ཤུགས་རྐྱེན་ཐེབས་རྒྱ་ཆུང་བ་ཡོད། ཡོམ་ཁུངས་ཀྱི་གཏིང་ཚད་ཇི་ཙམ་གྱིས་རིང་ན་ས་ངོས་ཀྱི་གནོད་འཚེའི་གཞི་ཁྱོན་དེ་ཙམ་གྱིས་ཆུང་བ་ཡོད་རུང་ཤུགས་རྐྱེན་ཐེབས་རྒྱ་ཆེ་བ་དང་མང་བ་ཡོད། ས་ཡོམ་རྒྱག་སའི་སྤྱི་ལེ་20ཡི་ས་ཁོངས་སུ་གས་རྡིབ་རྒྱག་པ་དང་རྦབ་རྡོ་འདྲིལ་བའི་གནོད་འཚེ་ཐོན་མང་བ་དང་ས་ཁུལ་དེར་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེ་ཐོན་སླ་བས་ས་ཡོམ་བརྒྱབ་རྗེས་ཀྱི་གནོད་འཚེ་དེ་བས་ཐོན་མང་བ་ཡོད། དེར་བརྟེན་དུས་ཚོད་དམ་འཛིན་གྱིས་རོགས་སྐྱོབ་བྱེད་པ་དང་དུས་མཚུངས་རོགས་སྐྱོབ་མི་སྣས་རང་ཉིད་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས་ཞེས་བཤད།
          ས་ཡོམ་རྗེས་ཀྱི་ཡོམ་འཕྲོའི་ཉེན་ཟོན་སྔོན་བརྡར་ངོས་འཛིན་ཇི་ལྟར་བྱེད་དགོས་སམ།
          རྔ་པ་ཀྲོའུ་ཡི་ས་དབྱིབས་སྣ་མང་རྙོག་འཛིང་ཆེ་བ་དང་ས་ཡོམ་རྒྱག་ཁུལ་གྱི་སྤྱི་ལེ་50ཡི་སར་མི་འབོར་འདུས་ཚད་སྤྱི་ལེ་གྲུ་བཞི་རེར་མི་དགུ་ལས་མེད། ཀྲུང་གོ་ས་ཡོམ་ཐའེ་དྲ་ཚིགས་ལྟེ་གནས་དང་སི་ཁྲོན་ས་ཡོམ་ཅུས་སོགས་ཚན་པའི་རིགས་གཅིག་མཁས་ཅན་གྱིས་འཕྲལ་དུ་གྲོས་མོལ་བྱས་རྗེས་ངོས་འཛིན་བྱས་པར། ཉིན་ཁ་ཤས་ནང་ས་ཡོམ་རྒྱག་ཁུལ་དུ་སླར་ཡང་ས་ཡོམ་རིམ་པ་6.0གཡས་གཡོན་གྱི་ཡོམ་འཕྲོ་རྒྱག་སྲིད་པས་ཡོམ་འཕྲོ་ཆེན་པོ་རྒྱག་རྒྱུར་སྔར་བཞིན་དོགས་ཟོན་དང་འགོག་ཟོན་བྱེད་དགོས།
          ཡུན་ནན་ཞིང་ཆེན་ས་ཡོམ་ཅུས་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཅིན་མིན་ཕེས་གཏོར་སྐྱོན་རང་བཞིན་གྱི་ས་ཡོམ་བརྒྱབ་རྗེས་ས་ཡོམ་ཉེན་ཟོན་སྔོན་བརྡས་སྤྱི་དམངས་ལ་འཕྲལ་དུ་སྲོག་ཉེན་ལས་ཐར་ཐབས་བྱེད་པ་དང་ཉེན་གཡོལ་ལ་རོགས་རམ་ཐུབ་པ་ཕུད། ད་དུང་སྲོག་རྩའི་འདུ་འགོད་གལ་ཆེན་གྱི་བདེ་འཇགས་ལ་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་ཐོན་ཐུབ་ཅེས་བཤད།
           “ས་ཡོམ་གྱི་ཉེན་ཟོན་སྔོན་བརྡས་གཏོར་སྐྱོན་རང་བཞིན་གྱི་ས་ཡོམ་རྒྱག་སྐབས་ཚེ་སྲོག་བདེ་འཇགས་ཀྱི་ལས་གྲྭ་གལ་ཆེན་ལ་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་ཐོན་ཐུབ། དཔེར་ན་ཡོམ་རླབས་མ་སླེབས་གོང་ཉེན་ཟོན་སྔོན་བརྡ་བཏང་ནས་གྲོང་ཁྱེར་གྱི་གློག་ཤུགས་སྒྲིག་བཀོད་དང་། སོལ་རླངས་མདོང་ལམ། ཉིང་རྡུལ་གློག་ཁང་། མྱུར་བགྲོད་ལྕགས་ལམ་སོགས་ཀྱི་ལས་མཚམས་བཞག་ཚེ་ཚད་གཞི་ངེས་ཅན་ཐོག་ནས་ས་ཡོམ་གྱི་གནོད་འཚེ་ཆུང་དུ་གཏོང་ཐུབ”ཅེས་ཅིན་མིན་ཕེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།