འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རིག་གནས་ཀྱིས་མོ་ཞི་ཁོའི་དངོས་མང་སྟོན་ཚོགས་ལ་བཀྲག་མདངས་བསྣན་པ།

    མོ་ཞི་ཁོར་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཤའོ་པོའོ་ཡིས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་11ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་4ཉིན་ནས་ཚེས་27ཉིན་བར། མོ་ཞི་ཁོའི་ཧྲེན་ལུའུ་དབྱི་སི་པོའོ་ཐོའོ་ཞི་རྒྱལ་ཁབ་དངོས་མང་སྟོན་ཚོགས་གཉེར་རྒྱུ་ཡིན་པ་དང་ཀྲུང་གོས་སྐུ་མགྲོན་གཙོ་བོའི་ངོས་ནས་ད་ཐེངས་ཀྱི་རྒྱལ་སྤྱིའི་སྟོན་ཚོགས་དེའི་ནང་ཞུགས་པ་རེད།
           “མོ་ཞི་ཁོའི་གཙོ་གཉེར་ཕྱོགས་ཀྱིས་དེ་ནི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་བྱེད་སྒོ་གཉེར་ཡག་ཤོས་ཤིག་རེད་ཅེས་བརྗོད་ཀྱི་འདུག”ཅེས་མོ་ཞི་ཁོའི་ཧྲེན་ལུའུ་དབྱི་སི་པོའོ་ཐོའོ་ཞི་རྒྱལ་ཁབ་དངོས་མང་སྟོན་ཚོགས་ཐོག ཕྱི་རྒྱལ་གྱི་སྐུ་མགྲོན་ཁག་གཅིག་ལ་སྣེ་ལེན་ཞུས་མ་ཐག་པའི་མོ་ཞི་ཁོའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ལས་དོན་པ་ཚུའེ་ཀྲེན་གྱིས་དགའ་བའི་འཛུམ་མདངས་འཕྱུར་བཞིན་དུ་བཤད། ཁོང་གིས་གསར་འགོད་པར། ད་ཐེངས་ཀྲུང་གོའི་རིག་གནས་བྱེད་སྒོར་ཞུགས་མཁན་མོ་ཞི་ཁོའི་དམངས་ཚོགས་རྫོགས་རྒྱུ་མི་འདུག ཀྲུང་གོའི་རིག་གནས་སྐུ་ཚབ་ཚོགས་པས་ཀུའུ་ཆིན་དང་གླིང་བུ་དཀྲོལ་གཏོང་དང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། འཆད་ཁྲིད་སྣ་ཚོགས་སོགས་སྤེལ་བར་ལྟད་མོ་བས་ཁེངས་ལ། གདེང་འཇོག་ཀྱང་ཡག་པོ་བྱེད་ཀྱི་འདུག་ཅེས་བརྗོད།
          “ཀྲུང་གོའི་མི་རིགས་རོལ་དབྱངས་དང་། འབྲུག་རྩེད་དང་སེང་རྩེད། ཀྲུང་གོའི་གློག་བརྙན་སྟོན་པ། ཐའེ་ཅི་དྲག་རྩལ་གྱི་སློབ་ཚན་སོགས་ཀྲུང་ཧྭའི་རིག་གནས་འགྲེམས་སྟོན་གྱི་བྱེད་སྒོ་རབ་དང་རིམ་པ་དངོས་མང་སྟོན་ཚོགས་ཐོག་མཉམ་དུ་སྟོན་པ་དང་། ཀྲུང་གོས་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ངོས་ནས་སྐབས་དེའི་དངོས་མང་སྟོན་ཚོགས་ཀྱི་བཀྲག་མདངས་འཚེར་ཤོས་སུ་གྱུར་པ་བྱས་ཡོད”ཅེས་མོ་ཞི་ཁོའི་སྨྱན་སྦྱོར་མང་པོའི་འཕྲིན་རྩོམ་ཐོག་དེ་ལྟར་འཁོད་ཡོད་པ་རེད།
           ཧྲེང་ལུའུ་དབྱི་སི་པོའོ་ཐོའོ་ཞི་རྒྱལ་ཁབ་དངོས་མང་སྟོན་ཚོགས་1942ལོར་འགོ་ཚུགས་པ་དེ་ནི་མོ་ཞི་ཁོའི་དངོས་མང་སྟོན་ཚོགས་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་པ་དང་། 2016ལོར་ལྟད་མོ་བ་མི་ཐེངས་ཁྲི་100ལས་བརྒལ་བར་སྣེ་ལེན་ཞུས་ཡོད། ད་ལོའི་འགྲེམས་ཚོགས་ཟླ་འདིའི་ཚེས་27བར་གཉེར་རྒྱུ་ཡིན་པ་རེད། མོ་ཞི་ཁོ་རྒྱལ་ཁབ་དངོས་མང་སྟོན་ཚོགས་ཀྱི་ཀྲུའུ་ཞི་ཝུའེ་ཡཱ་ལོའོ་པོའོ་སིས། སྐབས་དེའི་དངོས་མང་སྟོན་ཚོགས་ལ་སྐུ་མགྲོན་གཙོ་བོ་ཡིན་པའི་ངོས་ནས་ཀྲུང་གོ་གདན་འདྲེན་ཞུས་ཏེ་མོ་ཀྲུང་རྒྱལ་ཁབ་གཉིས་འབྲེལ་བ་བཙུགས་ནས་ལོ་45འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དང་། མོ་ཞི་ཁོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་སྐུ་ཚབ་ཚོགས་པས་ངོ་མཚར་ཆེ་བའི་འཁྲབ་སྟོན་དང་སྤུས་ཚད་མཐོ་བའི་རིག་གནས་བྱེད་སྒོ་གྲ་སྒྲིག་ཨང་བསར་བྱས་ནས་ལྟད་མོར་ཡོང་མཁན་གྱི་སྐུ་མགྲོན་ཚོར་ཤར་ཕྱོགས་རིག་གནས་ཀྱི་ཡིད་དབང་འཕྲོག་ནུས་ཉམས་སུ་མྱོང་བའི་གོ་སྐབས་ཐོབ་པར་བྱས་པ་རེད་ཅེས་བརྗོད།
           སྐབས་དེའི་དངོས་མང་སྟོན་ཚོགས་ཀྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་བྱེད་སྒོ་ཡང་མོ་ཞི་ཁོ“ཀྲུང་གོའི་རིག་གནས་ལོའི”གྲུབ་ཆའི་གྲས་ཤིག་ཡིན་པ་དེ་མོ་ཞི་ཁོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། མོ་ཞི་ཁོ་ཀྲུང་གོའི་རིག་གནས་ལྟེ་གནས། ཀོང་ཏུང་ཞིང་ཆེན་རིག་གནས་ཐིང་བཅས་ཀྱིས་མཉམ་དུ་བཏོད་པ་ཞིག་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། དང་ཐོག་འཆར་གཞིར་མི་གྲངས་200ཡིན་པའི་ཀྲུང་ལུགས་གསོ་རིག་འཆད་ཁྲིད་སྤེལ་བའི་ཉིན་དང་པོར་མིང་ཐོ་འགོད་མཁན་མི་གྲངས་670ལས་བརྒལ་ཞིང་། མིང་ཐོ་འགོད་མཁན་མང་དྲགས་པའི་དབང་གིས་འཆད་ཁྲིད་ཁང་ཕྱིར་བྱེད་དགོས་བྱུང་བ་མ་ཟད། འཆད་ཁྲིད་བྱེད་པའི་ཁྲོད་ཚང་མས་ཟིན་བྲིས་ནན་ཏན་འགོད་པ་ལས་ཀྲུང་ཧྭའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་བལྟས་པ་ཙམ་གྱིས་ཤེས་ཐུབ།
           ས་ཆ་དངོས་ནས་མིང་ལ་མཱ་ལི་ཡཱ་ཟེར་བའི་སློབ་ཕྲུག་ཅིག་གིས་གསར་འགོད་པར། ཁོ་མོ་ཀྲུང་གོའི་རྫ་ཆས་ལ་ཧ་ཅང་དགའ་པོ་ཡོད། ཀྲུང་གོའི་རྫ་ཆས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ངོས་ཀྱི་འབྲུག་གི་རི་མོ་དང་སྤུས་ཀ་དག་པའི་བཟོ་རྩལ་གྱིས་ཁོ་མོར་བག་ཆགས་གཏིང་ཟབ་བཞག་བྱུང་ཞེས་ཤོད་ཀྱི་འདུག མཱ་ལི་ཡཱས། “གློག་བརྙན་དང་། རོལ་དབྱངས། ཀྲུང་གོའི་ཞིམ་ཟས་སོགས་ཀྲུང་གོའི་གཞི་རྒྱུ་དེ་བས་མང་བ་ང་ཚོའི་འཚོ་བའི་ནང་འདྲེས་ཡོད། མོ་ཞི་ཁོ་བ་མང་པོ་ཞིག་གིས་ཀྲུང་གོའི་རིག་གནས་ལ་དེ་བས་གཏིང་ཟབ་པའི་སྒོ་ནས་འབྲེལ་འདྲིས་དང་ཤེས་རྟོགས་བྱེད་པའི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། མ་གཞི་ས་ཐག་རིང་ཡང་ཀྲུང་གོས་མོ་ཞི་ཁོ་བའི་ཡིད་དབང་འཕྲོག་ཤུགས་ཇེ་ཆེར་འགྲོ་བ་དང་མོ་ཞི་ཁོ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ཡང་ཇེ་དམ་དུ་འགྲོ་བཞིན་ཡོད”ཅེས་བཤད་བྱུང་།
           2017ལོ་ནི་མོ་ཞི་ཁོའི“ཀྲུང་གོའི་རིག་གནས་ལོ”རེད་ལ། ཀྲུང་མོ་རྒྱལ་ཁབ་གཉིས་དབར་འབྲེལ་བ་བཙུགས་ནས་ལོ་45འཁོར་བ་དང་ཏག་ཏག་འཁེལ་བས། རྒྱལ་ཁབ་གཉིས་དབར་གྱི་རིག་གནས་སྤེལ་རེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བ་དེ་ཀྲུང་མོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་བཀྲག་མདངས་འཚེར་ས་ཆེ་ཤོས་དེ་རེད།
           མོ་ཞི་ཁོའི་གྲོས་ཚོགས་གོང་མའི་གྲོས་མི། ཧྲེང་ལུའུ་དབྱི་སི་པོའོ་ཐོའོ་ཞི་ཀྲོའུ་ཡི་ཀྲོའུ་ཀྲང་ཟུར་པ་ཐེ་ཨའོ་ཧྥེ་ལོའོ·ཁོར་སོའོ་ཡིས། མོ་ཞི་ཁོའི་དབུས་རྒྱུད་དུ་གནས་པའི་ཧྲེང་ལུའུ་དབྱི་སི་པོའོ་ཐོའོ་ཞི་ཡི་ས་ཁམས་ཀྱི་གནས་སྟངས་ལེགས་པ་དང་འགྲིམ་འགྲུལ་སྟབས་བདེ་བ་དེ་རྒྱལ་ཁབ་ཀྱི་གཙོ་གནད་འཕེལ་རྒྱས་གཏོང་ཁུལ་རེད་ཅེས་དང་། ཁོང་གིས་མོ་ཀྲུང་རྒྱལ་ཁབ་གཉིས་པོས་ཕན་ཚུན་ལེགས་ཆ་གང་ལེགས་སྤྱད་ནས་རླངས་འཁོར་ཐོན་ལས་སོགས་འབྲེལ་ཡོད་ཁྱབ་ཁོངས་སུ་མཉམ་ལས་བྱེད་པའི་རེ་བ་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།