འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཀླུ་ཆུ་རྫོང་གི་སྐབས་དྲུག་པའི་སྐོར་བྲོ་འཁྲབ་སྟོན་དང་ཐོག་དང་པོའི་ཁང་འཁོར་ཡུལ་
    སྐོར་ཚོགས་འདུ་གཟབ་རྒྱས་ངང་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་07ཉིན། 16:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་6ཉིན། ཀྲུང་གོའི་ཀླུ་ཆུ་རྫོང་གི་སྐབས་དྲུག་པའི་སྐོར་བྲོ་འཁྲབ་སྟོན་དང་ཐོག་དང་བོའི་ཁང་འཁོར་ཡུལ་སྐོར་ཚོགས་འདུ་གཟབ་རྒྱས་ངང་འགོ་བརྩམས་པ་རེད། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་བློ་བཟང་ལྷུན་འགྲུབ་རྡོ་རྗེ་དང་སྔོན་གྱི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཀྲིན་གང་། ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་པ་བཅས་འགོ་རྩོམ་པའི་མཛད་སྒོར་ཞུགས།
            ཀྲུང་གོའི་ཞབས་བྲོ་མཐུན་ཚོགས་ཀྱི་ལས་བགོས་ཏང་ཙུའུ་ཧྲུའུ་ཅིའམ་བཅའ་སྡོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། དྲུང་ཡིག་ཆེན་མོ་ལུའོ་པིན་ཀྱིས་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧའེ་ཡིས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས། རང་སྐྱོང་ཁུལ་གྱི་འགོ་བ་ཨན་ཅིན་ལུང་དང་ཀྲའོ་ལིན་ཡུང་། ཞུས་ཆང་། སོན་ཅན། དབྱང་ཝུའུ། དབྱང་སྒྲོལ་མ་སོགས་འགོ་རྩོམ་པའི་མཛད་སྒོར་ཞུགས།
           ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་བང་ཡུང་གིས་གཏམ་བཤད་གནང་བ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཀླུ་ཆུ་རྫོང་ཨུའི་ཧྲུའུ་ཅི་ལཱང་རྨིན་ཀོང་གིས་ཤིས་ཚིག་ཕུལ། ཀླུ་ཆུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དབྱང་ཡུང་ཧྭ་ཡིས་གྲོས་འགོ་བཟུང་། 
           ཐེངས་འདིའི་ཀྲུང་གོའི་ཀླུ་ཆུ་རྫོང་གི་སྐབས་དྲུག་པའི་སྐོར་བྲོ་འཁྲབ་སྟོན་དང་ཐོག་དང་བོའི་ཁང་འཁོར་ཡུལ་སྐོར་ཚོགས་འདུས་སྤྲོ་སྐྱིད་ལྡན་པའི་ཤིང་སློང་དུས་ཆེན་དང་ཤམ་བྷ་ལར་ཅི་དགར་རོལ་ཅེས་པ་བརྗོད་གཞི་བྱས་ཤིང་། བསྡོམས་པས་སི་ཁྲོན་དང་ཡོན་ནན། མཚོ་སྔོན། བོད་ལྗོངས། ཀན་སུའུ་བཅས་ཞིང་ལྗོངས་ལྔའི་སྐོར་བྲོ་རུ་ཁག་ཉེར་བདུན་གྱི་མི་སྟོང་གཅིག་དང་དྲུག་བརྒྱ་འགྲན་བསྡུར་དུ་ཞུགས་ཡོད། ཀྲུང་གོའི་ཞབས་བྲོ་མཐུན་ཚོགས་དང་ཀན་སུའུ་ཞིང་ཆེན་རྩོམ་རིག་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀླུ་ཆུ་རྫོང་སྐོར་བྲོ་མཐུན་ཚོགས། ཀླུ་ཆུ་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་ངང་གཙོ་སྒྲུབ་གནང་བ་དང་། ཀན་སུའུ་ཞིང་ཆེན་ཞབས་བྲོ་མཐུན་ཚོགས་དང་ཀླུ་ཆུ་རྫོང་རྩོམ་རིག་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་ཞབས་བྲོ་མཐུན་ཚོགས་དང་སྐོར་བྲོ་ཁྲིད་སྦྱོང་དང་ཞིབ་འཇུག་གཞི་ས་བཅས་ཀྱིས་སྒྲུབ་མཁན་འཁུར། སྐོར་བྲོ་འཁྲབ་སྟོན་ལ་ཨང་དང་བོ་གཅིག་ཡོད་པར་བྱ་དགའ་སྒོར་འབུམ་གཉིས་ཡིན་པ་དང་ཨང་གཉིས་པ་གཉིས་ཡོད་པར་རེ་རེར་སྒོར་འབུམ་གཅིག་རེ། ཨང་གསུམ་པ་གསུམ་ཡོད་པར་རེ་རེར་སྒོར་ཁྲི་ལྔ་རེ། ཕུལ་བྱུང་རྩ་འཛུགས་ཅན་གསུམ་ཡོད་པར་རེ་རེར་སྒོར་ཁྲི་གཅིག་རེ། བསམ་པའི་དཔལ་ཡོན་གྱི་བྱ་དགའ་ཐོབ་མཁན་འགའ་ཡོད་པར་རེ་རེར་སྒོ་ཁྲི་གཅིག་རེ་བཅས་བཀོད་སྒྲིག་བྱས་ཡོད།
            ལུའོ་པིནགིས་ཤིས་ཚིག་ཁྲོད། དུས་ཡུན་རིང་བོའི་ནང་། སྤྲོ་སྐྱིད་སྐྱེལ་བ་དང་གཞི་རིམ་དུ་བསྐྱོད་པའི་འཚམས་འདྲིའི་འཁྲབ་སྟོན་བྱ་འགུལ་གྱི་དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་གང་ལེགས་སྒོས་ལས་སྟེགས་ཀྱི་བབ་བཟང་འདོན་སྤེལ་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་སྒྱུ་རྩལ་མི་དམངས་ལ་འབུལ་བ་དང་ཐོག་མཐའ་བར་གསུམ་དུ་མི་དམངས་རྣམས་རིག་རྩལ་ཕྱིར་མཚོན་པའི་བརྗོད་གཞི་རུ་བརྩི་བ། མི་དམངས་རྣམས་རིག་རྩལ་མཛེས་དཔྱོད་ཀྱི་གཟིགས་དཔྱད་མཁན་དང་སུན་འབྱིན་མཁན་བྱེད་པ། མི་དམངས་ལ་ཞབས་ཞུ་བསྒྲུབ་རྒྱུ་དེ་རིག་རྩལ་བྱ་བྱེད་པའི་རང་འགན་གཙོ་བོ་རུ་བརྩིས། ཐེངས་འདིའི་བྱ་འགུལ་གྱིས་ཀླུ་ཆུ་རྫོང་མི་དམངས་ལ་ཕུན་སུམ་ཚོགས་པའི་སྙིང་སྟོབས་སྐྲུན་ཐུབ་པ་མ་ཟད། ཐེངས་འདིའི་བརྗེ་རེས་བརྒྱུད་དེ་ང་ཚོའི་སྒྱུ་རྩལ་བ་དག་གི་ལག་རྩལ་སྙིགས་དོར་བཅུད་ལེན་དེ་བས་བྱེད་ཐུབ་པའི་དུས་མཚུངས་སུ་སྔར་ལས་ཕུལ་བྱུང་གི་འཆར་སྣང་བྱུང་ཐུབ་པས་སྤུས་ཚད་མཐོ་བའི་སྒྱུ་རྩལ་བརྩམས་ཆོས་ཀྱིས་མི་དམངས་ལ་དྲིན་ལན་འཇལ་དགོས་པའི་ཐུགས་རེ་བཏོན། 
           བང་ཡུང་གིས་གཏམ་བཤད་ཁྲོད། ཀན་ལྷོ་ནི་མེས་རྒྱལ་གྱི་ལྟོ་བར་བཞག་པའི་ལྗང་མདོག་གི་མུ་ཏིག་ཅིག་ཡིན། ཉེ་བའི་ལོ་ཤས་རིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་འདུ་ཤེས་བཅངས་ནས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གཅིག་བསྡུས་བྱེད་པ་དང་། ནུས་པ་གང་ཡོད་ཀྱིས་ཡུལ་སྐོར་གྱི་ཐོག་མའི་ཐོན་ལས་རིམ་འཕར་ལ་སྐུལ་འདེད་བཏང་ནས་དེང་རབས་ཀྱི་ཁྱད་ཆོས་ལྡན་པ་དང་བོད་ཁུལ་གྱི་ཁྱད་ཆོས་ལྡན་པ། ཀན་ལྷོའི་ཁྱད་ཆོས་ལྡན་པའི་ལྗང་མདོག་གི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱས་ནས་ཆགས་གྲུབ་བྱུང་ཡོད། དེ་རིང་སྤེལ་པའི་ཡུལ་སྐོར་ཚོགས་འདུས་སྐོར་བྲོ་ཡི་མཛེས་སྡུག་ཕྱིར་མངོན་རྒྱུ་རྨང་གཞི་བྱེད་པ་དང་ཡུལ་སྐོར་དུས་ཆེན་ལས་སྟེགས་བྱས་ཏེ་ཀླུ་ཆུ་རྗོང་གི་ཕུན་སུམ་ཚོགས་པའི་ཐོན་ཁུངས་བབ་བཟང་དང་གཞི་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་དྲིལ་བསྒྲགས་བྱེད་པ་དང་། མཚར་སྡུག་འོད་སྟོང་འབར་བའི་ཀླུ་ཆུ་དེ་གསོན་ཉམས་ལྡན་པའི་ངང་འཛམ་གླིང་གི་མི་སོ་སོའི་མདུན་དུ་ཕྱིར་མངོན་པ་རེད། ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད། ཀླུ་ཆུ་རྫོང་དང་ཐ་ན་ཀན་ལྷོའི་ཕྱི་ཕྱོགས་ཀྱི་རིག་གནས་བརྗེ་རེས་དང་མཉམ་ལས་བྱེད་པར་ཤུགས་བསྣན་པ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ཁྱོན་ཡོངས་ནས་འཕེལ་རྒྱས་ཇེ་མགྱོགས་ཡོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན།
             རྒྱུས་ལོན་བྱུང་བ་ལྟར་ན། བྱ་འགུལ་གྱི་སྐབས་སུ། ད་རུང་ཀླུ་ཆུ་རྫོང་གི་མཛེས་ལྗོངས་ཉམས་རོལ་བྱ་འགུལ་དང་ཁང་འཁོར་སྐོར་བ་དང་སྒར་རྒྱག་པའི་ཁང་འཁོརཉམས་སུ་མྱོང་བའི་འགྲན་བསྡུར་དོན་ཚན་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་རེད། 
             ཞིན་ཧྭ་གསར་འགྱུར་ཁང་གི་ཀན་སུའུ་ཡན་ལག་ཁང་དང་ཨ་མདོ་འཕྲིན་ལམ། ཀྲུང་གོའི་ཀན་སུའུ་དྲ་བ། ཀྲུང་གོའི་གསར་འགྱུར་དྲ་བ། ཀྲུང་གོའི་ཀན་ལྷོ་དྲ་བ། ཀན་ལྷོའི་གསར་འགྱུར་ཁང་། ཀན་ལྷོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ཀྱི་སྨྱན་བྱེད་འགོ་རྩོམ་པའི་གནས་ཚུལ་སྤེལ་གཏོང་ནང་ཞུགས་ཡོད། ཀན་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགྱུར་ཚན་ཁག་གི་བདེ་སྐྱིད་འཚོ་ཡིས།
      

    ཕྱོགས་བསྡུས་གསར་འགྱུར།