འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ལུའོ་སན་ཅི་གྲོང་ཁྱེར་གྱིས་2028ལོའི་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་ཁས་བླངས་པ་དང་
    ཕ་རི་སི་གྲོང་ཁྱེར་ལ་2024ལོའི་ཨོ་རྩལ་འགྲན་ཚོགས་གཉེར་དབང་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་02ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་31ཉིན། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་2024ལོའི་ཨོ་རྩལ་འགྲན་ཚོགས་གཉེར་རེ་ཞུ་མཁན་ཨ་རིའི་ལུའོ་སན་ཅི་(Los Angeles)གྲོང་ཁྱེར་གྱིས་རྩ་དོན་ཐོག་ནས་2028ལོའི་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་མོས་མཐུན་དང་ལེན་བྱས་པ་དང་། ཧྥ་རན་སེ་རྒྱལ་ཁབ་ཀྱི་ཕ་རི་སི་(Paris)གྲོང་ཁྱེར་གྱིས་གཞི་རྩའི་ཐོག་ནས་2024ལོའི་ཨོ་རྩལ་འགྲན་ཚོགས་གཉེར་དབང་ཐོབ་པའི་ཐག་བཅད་ཡོད་ཅེས་བསྒྲགས་པ་རེད།
           ལུའོ་སན་ཅི་གྲོང་ཁྱེར་གྱི་གྲོས་ཚོགས་དང་ཨ་རིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གཉིས་ཀྱིས་ཟླ་8པར་ཆོད་དོན་དེ་ཉིད་ལ་བརྡས་ཐག་གཅོད་རྒྱུ་ཡིན་ཞིང་། གྲོས་འཆམ་བྱུང་རྗེས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་དང་། ཕ་རི་སི། ལུའོ་སན་ཅི་བཅས་ཕྱོགས་གསུམ་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། གྲོས་མོལ་འདིས་ཟླ་9པར་ཕེ་རུ་རྒྱལ་ཁབ་ཀྱི་ལི་མཱ་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་པའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་སྐབས་སུ་འདེམས་ཤོག་འཕེན་པའི་དགག་རྐྱེན་མེད་པར་བཟོ་རྒྱུ་ཡིན་པ་རེད། དེར་བརྟེན། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་འགན་འཛིན་པཱ་ཧོ་ཡིས་བློ་གདེང་ཆེན་པོ་ལྡན་པའི་ངང་ནས"ཕྱོགས་གསུམ་མཉམ་རྒྱལ་གྱི་རྣམ་པ་གསར་དུ་གཏོད་རྒྱུ་རེད"ཅེས་བརྗོད་པ་རེད།
            རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་ཟླ་7ཚེས་11ཉིན་སུའེ་ཙེར་རྒྱལ་ཁབ་ཀྱི་ལུའོ་སཱང་གྲོང་ཁྱེར་དུ་འདེམས་ཤོག་འཕངས་ནས་2024ལོ་དང་2028ལོ་སྟེ་སྐབས་གཉིས་ཀྱི་ཨོ་རྩལ་འགྲན་ཚོགས་གཉེར་བའི་གྲོང་ཁྱེར་གྱི་མིང་ཐོ་དུས་གཅིག་ཏུ་ཐོན་ལ། སྐབས་དེ་དུས་དོན་དག་ཅིག་ཡོད་པ་ནི་2024ལོའི་ཨོ་རྩལ་འགྲན་ཚོགས་གཉེར་རེ་ཞུ་མཁན་གྲོང་ཁྱེར་གཉིས་ལྷག་པ་ལས་ཕ་རི་སི་དང་ལུའོ་སན་ཅི་གཉིས་སྔ་གཞུག་བསྒྲིག་རྒྱུ་དེ་རེད། ད་ལྟ། ལུའོ་སན་ཅི་ཡིས་རྩ་དོན་ཐོག་ནས་2028ལོའི་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་དང་ལེན་ཞུས་ཡོད་པ་དང་། ཕ་རི་སིས་2024ལོའི་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་ཕལ་ཆེར་གཏན་འཁེལ་བྱུང་ཡོད་པ་རེད། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་དང་ལུའོ་སན་ཅི་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་འདུན་ཞུ་མཁན་ཨུ་ལྷན་གཉིས་ཀྱི་གསལ་བསྒྲགས་སུ། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུ་ཨུ་ལྷན་གྱིས་དགའ་བསུ་ཞུ་ཚུལ་བསྟན་པ་མ་ཟད། གསལ་བསྒྲགས་སུ་ཕྱོགས་གསུམ་མཉམ་རྒྱལ་གྱི་རྣམ་པ་ཆགས་པར་ནུས་ཤུགས་འདོན་ངེས་ཡིན་ཞེས་བརྗོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།