འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་བོད་སྐད་ཡིག་ཡིག་སྒྱུར་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་30ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། བོད་ཀྱི་ས་གནས་དེ་གའི་བོད་སྐད་ཡིག་རིགས་གཅིག་མཁས་ཅན་གྱིས་བསྒྱུར་བའི་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》དང་། 《ཡིག་ཚགས·བོད་ལྗོངས་》སོགས་ཕུལ་བྱུང་བརྩམས་ཆོས་51ལ་ཉིན་ཤས་གོང་གཟེངས་བསྟོད་ཐོབ་ཡོད། དེ་སྔ་དང་མི་འདྲ་བ་ཞིག་ལ་ད་ཐེངས་དཔྱད་འདེམས་བྱས་པའི་ཡིག་སྒྱུར་གྱི་ཕུལ་བྱུང་བརྩམས་ཆོས་ལ་ཆ་མཚོན་ན་ཡིག་རིགས་དེ་བས་སྣ་ཁ་འཛོམས་པ་དང་། ནང་དོན་ཁྱབ་རྒྱ་ཆེ་བ། བརྗོད་གཞི་ཕུན་སུམ་ཚོགས་པ་བཅས་ལས་རང་རྒྱལ་གྱི་བོད་སྐད་ཡིག་གི་ཡིག་སྒྱུར་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་མཚོན་གྱི་ཡོད།
          ཚེས་26ཉིན་བོད་ཀྱི་སྐབས་གཉིས་པའི་ཕུལ་བྱུང་སྒྱུར་རྩོམ་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་ཤིང་། ད་ཐེངས་དཔྱད་འདེམས་བྱས་པའི་བརྩམས་ཆོས་ནང་གཞུང་ཡིག་དང་གསར་འགྱུར་རིགས་དང་། རིག་གནས་ལོ་རྒྱུས་དང་ཚན་རྩལ་རིགས། རླུང་འཕྲིན་གློག་བརྙན་བརྙན་འཕྲིན་རིགས་བཅས་གསུམ་དུ་ཕྱེ་བ་དང་དམིགས་བསལ་བྱ་དགའ་ཁག་2དང་བྱ་དགའ་རིམ་པ་དང་པོ་ཁག་9ཡོད།
           《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》(བོད་ཡིག་པར་གཞི)ལ་དམིགས་བསལ་བྱ་དགའ་ཐོབ་པ་དང་། ཡིག་སྒྱུར་གྱི་འགན་འཁུར་མཁན་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་པུའི་ཀྲུའུ་རེན་གཞོན་པ་བཀྲ་ཤིས་ཀྱིས་ཇི་ལྟར་བྱས་ནས་མ་རྩོམ་གྱི་དགོངས་དོན་གྱི་ངོ་བ་དང་ཕུན་སུམ་ཚོགས་པའི་མཚོན་སྟངས་གནད་ལ་འཁེལ་པོས་མཚོན་ཐུབ་པ་བྱ་རྒྱུ་ནི་ཚོད་བགམ་ཆེན་པོ་ཞིག་ཡིན། དེབ་དེ་བསྒྱུར་བ་ནི་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཞིག་ཏུ་བརྩི་ཆོག གོ་དོན་ཟབ་ལ་ནང་དོན་ཕུན་སུམ་ཚོགས་པའི་དེབ་འདི་ཡིག་སྒྱུར་བྱེད་རིང་གནད་འཁེལ་གོ་བདེ་ཡོང་བ་བྱས་ནས་མ་རྩོམ་གྱི་ནང་དོན་མཚོན་གང་ཐུབ་བྱས་ཡོད་ཅེས་བཤད།
           བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ཀྱི་ཅུས་ཀྲང་ནོར་བུས་གཟེངས་བསྟོད་ཐོབ་པའི་ཡིག་སྒྱུར་བརྩམས་ཆོས་གྲས་སུ་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བ་དང་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་ཡོད་ལ་བོད་ཡིག་ནས་དབྱིན་ཡིག་དང་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་བའང་ཡོད། དེའི་ཁྲོད་《རྒྱ་བོད་ཤན་སྦྱར་ཚོན་ཁྲ་ཅན་གྱི་ལུས་ཕུང་གཤག་དཔྱད་རིག་པ་དཔེ་རིས་མཐོང་བ་དོན་ལྡན་》ཞེས་པས་རང་རྒྱལ་གྱི་མི་ལུས་གྲུབ་ཚུལ་གྱི་གཤག་དཔྱད་རིག་པའི་བོད་ཡིག་པར་གཞིའི་སྟོང་ཆ་བསྐངས་ཡོད། དེ་སྲོལ་རྒྱུན་གྱི་གསོ་རིག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་དང་དེང་རབས་གསོ་རིག་གི་རིགས་པའི་གཞུང་ལུགས་ནང་འདྲེན་བྱ་རྒྱུའི་ངོས་ནས་བརྗོད་ན་རིན་ཐང་ཆེ་བ་དང་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།
            ད་ཕན་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་གི་ཡིག་སྒྱུར་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་ཞིང་། “ལྷག་དོན་དུ་རྒྱལ་ཁབ་རིམ་པ་ནས་ཐ་སྙད་གསར་པ་དང་དམངས་ཁྲོད་དྲ་རྒྱའི་ཐོག་སྤྱོད་མང་བའི་ཐ་སྙད་ཁག་གཅིག་ཐོན་པ་དག་ང་ཚོས་དུས་ཐོག་ཏུ་བོད་ཡིག་ཏུ་བསྒྱུར་བ་མ་ཟད། ད་དུང་གནད་འཁེལ་ཡོང་རྒྱུ་བརྩོན་ལེན་དང་ཁྱབ་གདལ་བཏང་ཡོད”ཅེས་ནོར་བུས་བཤད།
           ད་ཐེངས་ཀྱི་གཟེངས་བསྟོད་ཚོགས་ཆེན་ཐོག་བྱ་དགའ་རིམ་པ་དང་པོ་ཐོབ་པའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་《བོད་ཀྱི་གསང་སྒྲུང་》ཞེས་པ་ནི་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་བསྒྱུར་བའི་རྩེར་སོན་བརྩམས་ཆོས་ཤིག་རེད། “བརྙན་འཕྲིན་དེའི་ནང་དུས་རབས་20པའི་ལོ་རབས་30ནས་50བར་གྱི་བོད་སྐད་ཡིག་གི་ཁོར་ཡུག་བསྐྱར་དུ་མངོན་པར་བྱས་ཡོད” བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་ཞུས་ཆེན་ལོ་ཙཱ་བ་བསྟན་དར་གྱིས“ལྷག་དོན་དུ་སྐབས་དེ་དུས་ཀྱི་ཡུལ་གླུ་ཁག་གཅིག་དང་མངོན་གསལ་དོད་པའི་མི་སྣའི་བརྗོད་གཏམ་ཁག་གཅིག་ཡིག་སྒྱུར་དང་ཞུ་དག་གཏོང་སྐབས་ང་ཚོས་ཚད་ལྡན་ཡིག་ཆ་དང་ཁ་རྒྱུན་དྲན་ཤེས་ལ་ཞིབ་བསྡུར་བྱས་པས་ཕན་འབྲས་བཟང་པོ་ཐོབ་ཡོད་ལ་སྤྱི་ཚོགས་ཐོག་ཏུའང་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།