འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།དར་གོས་ལམ་བུར་བཀྲག་མདངས་འཚེར། 

    ཀྲང་ཀོན་ཡུས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་30ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           དབྱར་ཟླ་ལྔ་པའི་ཟླ་སྟོད་ཀྱི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་དགོང་མོའི་གསོལ་སྟོན་ཐོག་མཛའ་གྲོགས་ཟབ་པའི་རྣམ་པའི་ཁྲོད་རྒྱུད་མང་དཀྲོལ་གཏོང་མཁས་ཅན་ཀྲའོ་ཚུང་གིས་བསྐྱར་སྒྲིག་ནང་ཞུགས་པའི“རྒྱུད་མང་མཉམ་སྒྲོག་རོལ་དབྱངས”《བཀྲག་མདངས་འཚེར་》ཞེས་པ་རྐྱང་དཀྲོལ་བྱས་ནས་དགོང་ཚོགས་འགོ་ཚུགས་པ་རེད།
           ན་ནིང་མཛེས་ལྗོངས་ཡིད་དུ་འོང་བའི་ཤིས་ཙེ་མཚེའུ་འགྲམ་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཧང་ཀྲོའུ་དབུ་ཚོགས་ཀྱི་རིག་རྩལ་མཚན་ཚོགས་ཐོག་ཁོང་གིས་སྣེ་ཁྲིད་དེ་《གཙང་ཆུའི་ཐོག་དཔྱིད་དཔལ་བཞད་པའི་མཚན་མོ་》དང་《ཇ་འཐུ་ཟློས་གར་》ནས་འགོ་བརྩམས་ཏེ་འཁྲབ་སྟོན་བྱས་ནས“དྲན་ཆེ་ཤོས་ཀྱི་འབྲི་ཆུའི་ལྷོ་རྒྱུད”ཅེས་པའི་མཚན་ཚོགས་ཀྱི་འགོ་བཙུགས་པར་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད། གཟབ་རྒྱས་ཆེ་བའི་གར་སྟེགས་ཐོག་རོལ་དབྱངས་ལ་བརྟེན་ནས་འཛམ་གླིང་གིས་ཀྲུང་གོ་ཤེས་རྟོགས་དང་ཀྲུང་གོར་དགའ་ཞེན་ཡོང་བ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་དང་། རྒྱལ་ཡོངས་ཀྱི་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན། ཀྲུང་དབྱང་མི་རིགས་རོལ་དབྱངས་ཚོགས་པའི་རྒྱུད་མང་དཀྲོལ་གཏོང་མཁས་ཅན་ཐོག་མ་བཅས་ཡིན་པའི་ཀྲའོ་ཚུང་གི་ངོས་ནས་བརྗོད་ན་ལོ་མང་རིང་གི་ཕུགས་འདུན་ཡིན་པས་ཁོང་གིས་དེའི་ཐད་འབད་པ་ལྷོད་མེད་བྱས་ཡོད།
          ཀྲའོ་ཚུང་ཅི་ལིན་གྲོང་ཁྱེར་དུ་འཚར་ལོངས་བྱུང་བ་དང་ཆུང་དུས་ནས་རོལ་དབྱངས་དཀྲོལ་གཏོང་ཐད་མཁས་པོ་ཡོད། རྒྱུད་མང་སློབ་ཁྲིད་བྱེད་མཁན་སྐྱེད་མས་བུ་མོར་མཉམ་སྡེབ་ཀྱི་ཁོར་ཡུག་ཁྲོད་རྒྱུད་མང་སློབ་སྦྱོང་བྱེད་པའི་ཁོར་ཡུག་ཅིག་བསྐྲུན་ཆེད་ཅི་ལིན་གྲོང་ཁྱེར་གངས་འདབ་སྒྱུ་རྩལ་ཚོགས་པ་བཙུགས་པ་རེད། རེ་བ་ནན་པོ་དང་དཀའ་སྤྱད་འབད་འབུངས་ཀྱི་ནང་སྦྱོང་བྱས་པ་བརྒྱུད་ཀྲའོ་ཚུང་གི་ཡིད་ཀྱི་བརྟན་པ་དེའང་རྒྱུད་མང་གིས་ཅིག་ཅར་དུ་འཕྲོག་ཡོད། ཕྱིས་སུ་གྲུབ་འབྲས་གཟེངས་སུ་ཐོབ་པའི་སྒོ་ནས་ཁོང་ཀྲུང་དབྱང་རོལ་དབྱངས་སློབ་གླིང་དུ་ཚུད་ཡོད།
          མེས་རྒྱལ་གྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དང་མི་རིགས་ཀྱི་རོལ་དབྱངས་བརྒྱུད་སྤེལ་ནུས་ལྡན་བྱ་ཆེད་ཀྲའོ་ཚུང་གིས་ཕྱོགས་གང་ས་ཅི་ཐད་ནས་བློས་གཏོང་མང་པོ་བྱས་པར་མྱོང་ཚོར་ཡང་ཟབ་མོ་བྱུང་ཡོད། ཐེངས་ཤིག་རིག་གནས་པུའུ་ཡི་མངགས་གཏོང་བཞིན་ཁོང་མོ་ཞི་ཁོར་འཁྲབ་སྟོན་བྱེད་པར་བསྐྱོད་སྐབས་དཀྲོལ་གཏོང་བྱ་རྒྱུ་ནི་ཀྲུང་གོའི་གནའ་གཞུང་གི་གྲགས་ཅན་རོལ་དབྱངས་བཅུའི་གྲས་《གཙང་ཆུའི་ཐོག་དཔྱིད་དཔལ་བཞད་པའི་མཚན་མོ་》ཞེས་པ་དེ་ཡིན་ཡང་གར་སྟེགས་གཤམ་འོག་གི་ལྟད་མོ་བའི་དགའ་སྣང་དེ་ཙམ་མངོན་མེད་པས་ཁོང་གིས་འཕྲལ་མར་ཀྲུང་གོ་དང་མོ་ཞི་ཁོའི་གྲགས་ཅན་རོལ་དབྱངས་མཉམ་སྒྲིག་བྱས་ནས་སྐབས་ཕྲལ་དུ་དཀྲོལ་གཏོང་བྱས་པས་ཚོགས་ར་ཡོངས་ཀྱི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། དེ་ཐོག་ནས་ཁོང་ལ་ངོས་འཛིན་ཟབ་མོ་ཞིག་བྱུང་བ་ནི་ཀྲུང་གོའི་མི་རིགས་རོལ་ཆའི་བརྩམ་ཆོས་ལ་ཁྱད་ཆོས་ཟབ་མོ་ལྡན་ཡང་ལ་ལར་མཚམས་ཚིགས་སྙོམས་པོ་མ་བྱུང་ཚེ་ཕྱི་རྒྱལ་གྱི་ལྟད་མོ་བའི་ཡིད་དབང་འཕྲོག་ཐབས་བྲལ་བ་དེ་རེད། དུས་དེ་ནས་བཟུང་རྒྱལ་ཁབ་ཁག་གི་ལྟད་མོ་བ་དང་བརྩེ་སེམས་ཐད་འབྲེལ་གཏུག་ཡོང་བའི་སྦྲེལ་ཟམ་ཞིག་འཛུགས་རྒྱུ་དེ་ཀྲའོ་ཚུང་གིས་བརྩོན་འགྲུས་ལྷོད་མེད་བྱེད་པའི་བསམ་འདུན་ཞིག་ཏུ་གྱུར་ཡོད།
          “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་དཀར་གསལ་སྒྲོན་མེ་ཞིག་དང་འདྲ་བར་ཀྲའོ་ཚུང་གི་གསར་རྩོམ་གྱི་སྤྲོ་སྣང་འཕེལ་བར་གྱུར་ཡོད། མཐར་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་དེ་ཀྲུང་གོ་འདི་ཉིད་དཔྱིད་དཔལ་རྒྱས་པ་བཞིན་དར་རྒྱས་གོང་འཕེལ་འགྲོ་བའི་རྣམ་པ་མཚོན་པའི་རྒྱུད་མང་ཀྱི་མཚོན་བྱེད་བརྩམས་ཆོས་《བཀྲག་མདངས་འཚེར་》ཞེས་པའི་རོལ་དབྱངས་བསྐྱར་སྒྲིག་དང་དཀྲོལ་གཏོང་ནང་ཞུགས་པ་མ་ཟད། ཀྲའོ་ཚུང་གིས་ད་དུང་ཆེད་མངགས་རྒྱུད་མང་རྐྱང་དཀྲོལ་གྱི་རོལ་དབྱངས་《དབྱར་མཚོ་རྒྱས་པ་ལྟར་གྱི་དར་གོས་ལམ་བུ་》ཞེས་པ་གསར་རྩོམ་བྱས་ཡོད།
          《དབྱར་མཚོ་རྒྱས་པ་ལྟར་གྱི་དར་གོས་ལམ་བུ་》ཞེས་པ་དེ་རྒྱལ་ཁབ་ཟློས་གར་ཁང་དུ་འཁྲབ་སྟོན་ཐོག་མར་བྱས་པར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། དེ་རྗེས་ཀྲའོ་ཚུང་གིས་《བཀྲག་མདངས་འཚེར་》ཞེས་པ་དེ་འཛམ་གླིང་གི་ཤར་ཕྱོགས་ནས་ནུབ་ཕྱོགས་བར་དང་ས་གོ་ལའི་བྱང་སྣེ་ནས་ལྷོ་སྣེ་བར་དཀྲོལ་གཏོང་བྱས་ཡོད། སྙན་འཇེབས་ཡིད་དབང་འཕྲོག་པའི་རང་རྒྱལ་གྱི་སྲོལ་རྒྱུན་རོལ་དབྱངས་གྲགས་ཅན་དེ་ཉིའུ་གཡོད་ལིན་ཁེན་ལྟེ་གནས་དང་། ཁ་ནེ་ཅི་རོལ་དབྱངས་ཁང་། ཕ་རི་སིའི་ཤང་ཧྲེ་ལི་ཧྲི་ཟློས་གར་ཁང་། ཨ་ཐེན་སི་གྲོང་སྲུང་ཟློས་གར་ཁང་། ཧྲེང་པི་ཏི་པའོ་ཟློས་གར་ཁང་ཆེ་མོ། ལོན་ཏོན་པ་པི་ཁེན་སྒྱུ་རྩལ་ལྟེ་གནས། རོ་མ་ཟློས་གར་ཁང་སོགས་རྒྱལ་སྤྱིའི་རོལ་དབྱངས་གར་སྟེགས་ཐོག་དཀྲོལ་གཏོང་ཐེངས་མང་བྱེད་སྐབས་ཀྲའོ་ཚུང་ལ་དགའ་བསུ་ཆེན་པོ་ཐོབ་ཡོད། ཁོང་ཉིད་ཀྲུང་གོའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་བྱ་དགའ་ཆེན་པོའི་རོགས་རམ་ཐོབ་པའི་གཞས་གདངས་རྩོམ་མཁན་དང་རོལ་ཆ་དཀྲོལ་གཏོང་མཁན་ཨང་དང་པོར་གྱུར་ཡོད། དབྱིན་ཇིའི་《ཝེ་པའོ་ཚགས་པར་》སོགས་སྨྱན་སྦྱོར་གྱིས་ཀྱང“ཏུན་ཧོང་གི་ལྡེབས་རིས་ནས་འདས་ལོག་བྱུང་བའི་རྒྱུད་མང་མཁས་ཅན”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།
          འཛམ་གླིང་གི་གར་སྟེགས་ཐོག་འཁྲབ་སྟོན་མང་པོ་བྱེད་མྱོང་ཡོད་པའི་རོལ་དབྱངས་སྒྱུ་རྩལ་མཁས་ཅན་ཀྲའོ་ཚུང་གིས་གསར་གཏོད་ལ་གཞོལ་བ་དང་ཆབས་ཅིག་དེ་དག་བརྩམས་ཆོས་རྩེར་སོན་དུ་འགྱུར་བ་བྱས་ཏེ་དེའི་འོད་མདངས་འཕྲོ་ཐུབ་པ་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་ཀྲའོ་ཚུང་གིས་གདན་ཞུས་ལྟར་རིག་གནས་པུའི་དྲ་རྒྱའི་འཁྲབ་སྟོན་ཚོད་ལྟ་ཚན་པའི་དམངས་ཁྲོད་རོལ་མོའི་རྒྱལ་སྤྱིའི་དྲ་ལམ་གྱི་འགན་འཁུར་བའི་འགན་འཁུར་ཏེ་《དམངས་ཁྲོད་རོལ་དབྱངས་ཀྱི་རྒྱལ་སྤྱིའི་དྲ་ལམ་》ཞེས་པའི་དྲ་ཚིགས་བཏོད་དེ་ཁྱད་ཆོས་ཟབ་མོ་ལྡན་པའི“རྒྱལ་ཁབ་རིམ་པའི”སྒྱུ་རྩལ་མཁས་ཅན་མང་པོ་འཚོལ་ཞིབ་བྱས་ཡོད། ཁོང་གིས་ལས་ཞོར་གྱི་དུས་ཚོད་ཇི་ཙམ་བློས་གཏོང་བྱེད་དགོས་བྱུང་ཡང་སྒྱུ་རྩལ་མཁས་ཅན་རྒན་རབས་ཚོའི་རྨད་དུ་བྱུང་བའི་གྲུབ་འབྲས་རྣམས་མྱུར་སྐྱོབ་བྱས་ནས་དེ་དག་ལས་འཛམ་གླིང་ལ་འོད་མདངས་འཕྲོ་བར་བྱ་རྒྱུ་ཡིན་ཞེས་བརྗོད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།