འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།“མུ་ཟི་ཆུང་ཆུང”གིས་བྱིས་པའི་སེམས་ཁམས་གསལ་བར་བྱས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་30ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མུ་ཟི་ཆུང་ཆུང་རྐང་རེ་རེ་སྤར་ནས་ལོ་ན་ཆུང་བའི་སེམས་ཁམས་གསལ་བར་བྱས།
          2012ལོར་ཨོ་སི་ཁྲུ་ལི་ཡར་གནས་སྡོད་བྱེད་མཁན་ཕྱི་ཁོངས་ཀྲུང་གོ་བ་ཝུའུ་མིང་ཆིའུ་དང་ཁྲེན་ཏའེ་ཡུང་བཟའ་ཚོ་གཉིས་ཀྱིས“མུ་ཟི་ཆུང་ཆུང”གི་སྤྱི་ཕན་སློབ་རོགས་བྱེད་སྒོ་སྤེལ་སྐབས་ཁོང་ཚོས་ལོ་5སོང་རྗེས་ཀྱི་ཉིན་ཞིག་ཨོ་སི་ཁྲུ་ལི་ཡའི་མཉམ་འབྲེལ་རྒྱལ་ཕྲན་སྲིད་གཞུང་གི་ཙུང་ལིས་སྤྱི་ཕན་བྱེད་སྒོ་དེར་དགའ་པོ་དེ་འདྲ་བྱེད་པ་བསམ་བློར་འཁོར་མྱོང་མེད། དེས་བཟའ་ཚོ་གཉིས་ཀྱིས“མུ་ཟི་ཆུང་ཆུང”གི་སྤྱི་ཕན་སློབ་རོགས་བྱེད་སྒོ་སྤེལ་བའི་ཐོག་མའི་བསམ་འདུན་སྔར་བས་བརྟན་དུ་ཕྱིན།
          2005ལོར་ཁྲེན་ཏའེ་ཡུང་བཟའ་ཚོ་གཉིས་ཀྲུང་གོའི་ཁྲུང་ཆིང་ནས་ཨོ་སི་ཁྲུ་ལི་ཡར་གནས་སྤོས་བྱས་ནས་འཚོ་བ་རིམ་བཞིན་གཏན་འཇགས་སོང་བ་དང་ཆབས་ཅིག་ཁོང་གཉིས་ཀྱིས་སྤྱི་ཚོགས་ལ་དྲིན་གཟོ་བ་དང་མེས་རྒྱལ་ལ་དྲིན་གཟོ་བའི་འདུན་པ་དེའང་སྔར་བས་ཇེ་ཆེར་སོང་ཡོད། “མེས་རྒྱལ་དང་ཕ་ཡུལ་ལ་ཕྱིར་མིག་ལྟ་སྐབས་ད་དུང་མི་མང་པོ་ཞིག་དང་ལྷག་པར་དུ་རི་ཁུལ་གྱི་ཕྲུ་གུ་ཚོར་རོགས་པ་བྱེད་དགོས་ཀྱི་ཡོད”ཅེས་ཁྲེན་ཏའེ་ཡུང་གིས་སྨྱུག་འཛིན་པར་བཤད་པ་དང་། ཨོ་སི་ཁྲུ་ལི་ཡའི་སློབ་ཆེན་དུ་ལོ་ལྟར་ཟླ་12པ་ནས་ཕྱི་ལོའི་ཟླ་2པ་བར་གུང་གསེང་ཧ་ཅང་རིང་པོ་ཞིག་བཞག་གི་ཡོད་པས་སྐབས་དེར་ཨོ་སི་ཁྲུ་ལི་ཡར་ཡོད་པའི་ཀྲུང་གོའི་ཕྱི་འགྲིམས་སློབ་མ་མང་པོ་ཞིག་གིས་ཀྲུང་གོར་ལོག་རྒྱུའི་གདམ་ག་བྱེད་ཀྱི་ཡོད། གལ་ཏེ་སྐབས་དེར་ཕྱི་རྒྱལ་དུ་ཡོད་པའི་ཕྱི་འགྲིམས་སློབ་མའི་དང་བླངས་པ་བསྡུས་ནས་རི་ཁུལ་དུ་སློབ་སྐྱོར་བྱས་ཏེ་ཁོང་ཚོར་ཕྱིའི་འཇིག་རྟེན་གྱི་ཆ་འཕྲིན་འཁྱེར་ནས་རི་ཁུལ་གྱི་ཕྲུ་གུ་ཚོའི་མིག་རྒྱང་ཕྱེ་ཐུབ་ཚེ་དེ་ནི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་བྱ་བ་ཞིག་རེད།
          2012ལོའི་ཟླ་12པར“མུ་ཟི་ཆུང་ཆུང”གི་སྤྱི་ཕན་སློབ་སྐྱོར་བྱེད་སྒོ་སྐབས་དང་པོ་སྤེལ་འགོ་ཚུགས་ཤིང་། སློབ་སྐྱོར་དང་བླངས་པ་9ནུབ་རྒྱུད་རི་གྲོང་དུ་སྐྱོད་པ་དང་ཁྲུང་ཆིང་ཕེང་ཧྲུའེ་མཉམ་འབྲེལ་ལྟེ་བའི་སློབ་གྲྭར་སྐྱོད་དེ་དུས་ཡུན་གཟའ་འཁོར་གཅིག་གི་སློབ་སྐྱོར་བྱེད་སྒོ་སྤེལ་བ་རེད། ལོ་ན་གཞོན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དང་བླངས་པ་དེ་དག་གིས་རང་གིས་སློབ་ཚན་རེའུ་མིག་དང་སློབ་ཁྲིད་ཡོ་བྱད་བཟོ་གི་ཡོད། ཡུལ་སྐོར་དང་། ལན་ཆིའུ་སྤོ་ལོ། ཚན་རིག འཕྲོད་བསྟེན་རྒྱུན་ཤེས་སོགས་སློབ་ཚན་དང་བསམ་པའི་བཀོད་ཤུགས་ཀྱིས་ཕྱུག་པའི་སློབ་ཁྲིད་བྱེད་སྟངས་ཀྱིས་དྭངས་གཙང་གི་ཕྲུ་གུ་ཚོའི་དགའ་སྣང་འཕེལ་ནས་དང་བླངས་པ་ཚོ་ཕྲུ་གུ་ཚོ་དང་གང་མགྱོགས་གཞི་གཅིག་ཏུ་ཆགས་ཡོད་པ་རེད།
          དོན་དངོས་ཐོག ཁྲེན་ཏའེ་ཡུང་གིས་ཕྱི་རྒྱལ་དུ་མ་སྐྱོད་གོང་ནས་དགེ་སྒྲུབ་བྱེད་སྒོའི་ནང་ཧུར་ཐག་ཞུགས་མྱོང་ཡོད་པ་དང་། ཁོང་ནི་ནུབ་བྱང་བཟོ་ལས་སློབ་ཆེན་གྱི“གཅེས་སེམས་ཐད་གཏོང་རླངས་འཁོར”གྱི་སྤྱི་ཕན་བྱེད་སྒོ་སྤེལ་མཁན་དང་སྒྲིག་འཛུགས་བྱེད་མཁན་གལ་ཆེན་ཞིག་རེད། བྱེད་སྒོ་དེས་སློབ་གྲོགས་ཞལ་འདེབས་འབུལ་རྒྱུར་སྐོང་བསྡུ་བྱས་པ་བརྒྱུད་སློབ་གྲྭའི་རྒྱལ་སྒོ་འཛུལ་མ་ཐག་དང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་གྲོགས་མིང་སྲིང་ཚོར་འཚོ་བའི་ཐད་ཀྱི་དཀའ་གནད་མང་པོ་ཐག་གཅོད་བྱས་ཡོད། ད་བར། “གཅེས་སེམས་ཐད་གཏོང་རླངས་འཁོར”གྱི་སྤྱི་ཕན་བྱེད་སྒོ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་གྲས་ཁག་ཏུ་ལོ་14ཙམ་སྤེལ་ཡོད་པ་རེད།
         ད་ཆ། “མུ་ཟི་ཆུང་ཆུང”གི་སྤྱི་ཕན་སློབ་སྐྱོར་བྱེད་སྒོ་ལོ་5བསྟུད་མར་སྤེལ་བ་དང་སློབ་སྐྱོར་བྱེད་སྒོའི་ནང་ཞུགས་མཁན་དང་བླངས་པའི་དཔུང་ཁག་དེ་བས་སྟོབས་ཆེར་ཕྱིན་ནས་རྩ་བའི་ཆར་ཚང་མ་ཀྲུང་གོའི་ཕྱི་འགྲིམས་སློབ་མ་ཡིན་པ་རེད། སློབ་སྐྱོར་བྱེད་སྒོ་སྤེལ་རིང་གི་གནས་སྡོད་དང་། འགྲིམ་འགྲུལ། འཚོ་བའི་འགྲོ་གྲོན་བཅས་ཚང་མ“མུ་ཟི་ཆུང་ཆུང”གི་སྤྱི་ཕན་ཐེབས་རྩ་ཚོགས་པས་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།
          དེ་སྔའི་སློབ་སྐྱོར་དང་བླངས་པ་ཞིག་ཡིན་པའི་ངོས་ནས། ཤིས་ཉི་སློབ་ཆེན་རྩིས་པའི་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་ཀྲོའུ་སྨིས་སྨྱུག་འཛིན་པ་དང་གླེང་མོལ་བྱེད་སྐབས་སྔར་བཞིན་སེམས་འགུལ་ཆེན་པོ་བྱེད་བཞིན་མཆིས། “ང་དེ་སྔ་རི་གྲོང་དུ་སྐྱོད་མྱོང་མེད་ལ་གྲོང་གསེབ་ཀྱི་གནས་ཚུལ་ལའང་རྒྱུས་མངའ་ཆེན་པོ་མེད་པས་དེ་གའི་ཕྲུ་གུ་ཚོས་ང་ལ་སེམས་འགུལ་ཚད་མེད་མནན་བྱུང་། ཁོང་ཚོ་སྐད་ཆ་ཤོད་རྒྱུར་དགའ་པོ་མེད་ནའང་བྱ་སྤྱོད་དངོས་མང་པོར་བརྟེན་ནས་ང་ལ་ཧ་ཅང་དགའ་པོ་བྱེད་ལུགས་མཚོན་གྱི་འདུག སློབ་སྐྱོར་མཇུག་འགྲིལ་རྗེས་ང་ཚོས་མིག་ནང་མིག་ཆུས་ཁེངས་བཞིན་ཕྲུ་གུ་ཚོ་དང་ཕན་ཚུན་འཐམ་འཁྱུད་བྱས་ནས་བརྩེ་སེམས་འཆང་ལུགས་མཚོན་པར་བྱས”
         “མྱོང་བ་དེ་དག་གིས་ང་ལ་བག་ཆགས་ཟབ་མོ་ཐེབས་བྱུང་ལ་སྤྱི་ཚོགས་དང་རྒྱལ་ཁབ་ལ་བཅངས་པའི་ངའི་ངོས་འཛིན་ཡང་དེ་བས་ཟབ་ཏུ་ཕྱིན་སོང”གྲོང་ཁྱེར་མོར་པན་གྱི་དང་བླངས་པ་པོ་ཧན་ལིན་སློབ་སྐྱོར་ནང་ཞུགས་རྗེས་གྲོགས་ཚོགས་ནང་རང་གྲབས་ཀྱིས་ཞལ་འདེབས་སློང་བསྡུ་བྱས་ཡོད། ན་ནིང་ཡེ་ཤུའི་འཁྲུངས་སྐར་གྱི་གུང་གསེང་སྐབས་ཁོང་གིས་ཕ་མ་དང་མཉམ་དུ་ཕྱོགས་ཁག་ལ་ཞབས་འདེབས་འབུལ་རྒྱུའི་དཔེ་དེབ་དང་གྱོན་གོས་སོགས་སློབ་སྦྱོང་དང་འཚོ་བའི་སྤྱོད་ཆས་འཁྱེར་ནས་ཁོང་གིས་དེ་སྔ་སློབ་སྐྱོར་བྱེད་མྱོང་བའི་ས་ཆར་སླར་ཡང་བསྐྱོད་ནས་ཕྲུ་གུ་དེ་དག་དང་ཐུག་འཕྲད་བྱས་ཡོད། རྒྱ་མཚོ་ཆེན་པོའི་ངོགས་གཉིས་སུ་གནས་ཀྱང་ཁོང་ཚོའི་སེམས་པ་དམ་པོར་སྦྲེལ་ཡོད་པ་རེད།
          ཁྲེན་ཏའེ་ཡུང་དང་ཝུའུ་མིང་ཆིའུ་ཡིས་སྨྱུག་འཛིན་པར། ཉིན་ཞིག“མུ་ཟི་ཆུང་ཆུང”གི་སློབ་སྐྱོར་བྱེད་སྒོ་དེ་དགེ་སྒྲུབ་ཐེབས་རྩར་འཕེལ་རྒྱས་བཏང་ནས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་གཉིས་ཀྱི་ཐག་རིང་ལུང་ཁུག་ས་ཁུལ་གྱི་ཕྲུ་གུ་ཚོར་ཕན་པ་ཐོབ་ཏུ་བཅུག་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་སྦྲེལ་མཐུད་བྱེད་པའི་སྦྲེལ་ཐག་ལ་འགྱུར་རྒྱུའི་རེ་བ་ཡོད། “གལ་ཏེ་ང་60ལ་སླེབས་སྐབས་ལོ་ལྟར་ཕྱི་འགྲིམས་སློབ་མ་བརྒྱ་ཕྲག་ཙམ་རྒྱལ་ནང་གི་རི་གྲོང་སློབ་གྲྭ་བཅུ་གྲངས་འགའ་ཤས་སུ་སློབ་སྐྱོར་བྱེད་པར་ཡོང་ཐུབ་ཚེ། ངའི་ངོས་ནས་བརྗོད་ན་དེ་ནི་ཧ་ཅང་སྤྲོ་སྣང་ལྡན་པའི་བྱ་བ་ཞིག་ཡིན”ཞེས་ཁྲེན་ཏའེ་ཡུང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།