འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་གཞན་ཕན་བསྒྲུབ་རྒྱུར་དགའ་བའི་དཔེ་བཟང་གི་འོས་མི།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་28ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་ཡོངས་ཀྱི་གཞན་ཕན་བསྒྲུབ་རྒྱུར་དགའ་བའི་དཔེ་བཟང་གི་འོས་མི།
           ཨ་བོ་ཆོས་སྒྲོན། མོ། བོད་རིགས། 1975ལོའི་ཟླ་10པར་སྐྱེས། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་སྟོན་མཚེས་ཤུལ་གྲོང་ཚོའི་གྲོང་མི། 
            ཨ་བོ་ཆོས་སྒྲོན་གྱིས་ལྷད་མེད་ཀྱི་གཅེས་སེམས་ཐོག་ནས་དགེ་བའི་ལས་ལ་བརྩོན་རྒྱུ་དེ་རང་ཉིད་ཀྱི་མི་ཚེའི་བྱ་བར་བརྩིས་ནས་རང་ཉིད་དང་ཁྲག་རྒྱུན་གྱི་འབྲེལ་བ་གང་ཡང་མེད་པའི་བོད་རིགས་ན་གཞོན་ཞིག་ལ་མཁལ་མ་ཞལ་འདེབས་བརྒྱབ་པས་ས་གནས་དེ་གའི་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད། ཁོང་གིས་ཉེ་འཁོར་གྱི་མི་ལ་རོགས་རམ་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན་ཞེས་ཤོད་ཀྱི་ཡོད།
           ཕུན་ཚོགས་ཆོས་སྒྲོན་གྱི་ཁྱིམ་ནི་ས་གནས་དེ་གའི་འབྲོག་པའི་དུད་ཁྱིམ་དཀྱུས་མ་ཞིག་ཡིན་པ་དང་། ཆག་སྒོ་གཅིག་རྗེས་གཉིས་མཐུད་ངང་ཁོ་མོའི་མགོ་ཐོག་ཏུ་ལྷུངས། དེ་ཡང་བུ་རྒན་པ་རླངས་འཁོར་གྱིས་བརྡུངས་ནས་གྲོངས་པ་དང་རང་ཉིད་ལའང་ནད་ལྕི་པོ་ཕོག་པའི་ཐོག་མུ་གེའི་སྟེང་ལ་ཟླ་ལྷག་ཅེས་པ་ལྟར་ལོ་22ལ་སླེབས་པའི་བུ་འབྲིང་བ་ཨ་བོ་བཀྲ་ཤིས་ལ་བརྟག་དཔྱད་བྱས་པ་བརྒྱུད་གཅིན་དུག་ནད་ཕོག་ཡོད་པས་སྨན་རིན་མང་པོ་སྤྲོད་དགོས་པས་དབུལ་པོའི་ཁྱིམ་ཚང་དེར་སླར་ཡང་དཀའ་ངལ་འཕྲད། ཨ་བོ་ཆོས་སྒྲོན་གྱིས་དེ་སྔ་ཕུན་ཚོགས་ཆོས་སྒྲོན་གྱི་ཁང་པ་གཡར་མྱོང་ཡོད་ལ། ཁྱིམ་ཚང་གཉིས་འཆམ་པོ་ཡོད་པར་བརྟེན་ཨ་བོ་ཆོས་སྒྲོན་དེ་ནས་སྤོས་རྗེས་རྒྱུན་དུ་ཁ་པར་ཐོག་ནས་ཁོང་དང་འབྲེལ་བ་བྱེད་ཀྱི་ཡོད། ཕུན་ཚོགས་ཆོས་སྒྲོན་གྱིས་རྒྱུན་དུ་ཨ་བོ་ཆོས་སྒྲོན་ལ་རང་ཉིད་ཀྱི་འཚོ་བའི་དཀའ་ངལ་ཤོད་པ་དང་ཨ་བོ་ཆོས་སྒྲོན་གྱིས་ཁོང་ལ་བསམ་ཤེས་དང་བཅས་བྱས་ནས་རྟག་ཏུ་སེམས་གསོ་གཏོང་བ་དང་སྐུལ་ལྕག་བྱེད་ཀྱི་ཡོད།
           2015ལོའི་ཟླ་དྲུག་པར་ཨ་བོ་ཆོས་སྒྲོན་གྱིས་བློ་ཁོག་ཆེན་པོས་སེམས་ཐག་བཅད་ནས་རང་ཉིད་ཀྱི་བཟའ་ཟླར་སྦ་གསང་བྱས་ཏེ་སྨན་ཁང་དུ་བརྟག་དཔྱད་བྱེད་པར་སོང་། བསམ་ཡུལ་ལས་འདས་པ་ཞིག་ལ་ནད་པ་དང་རང་ཉིད་ཀྱི་མཁལ་མ་རྦད་དེ་གཅིག་མཚུངས་ཡིན་པ་རེད། བཟའ་ཟླས་རང་ཉིད་ཀྱི་མཁལ་མ་བཀོག་ནས་ནད་པ་སྲོག་སྐྱོབ་བྱ་རྩིས་ཡོད་པ་ཤེས་མ་ཐག་ཁོ་མོས་རང་དགར་ཐག་བཅད་པར་ཁོང་ཁྲོ་ཆེན་པོ་ལངས་མོད། འོན་ཀྱང་བཟའ་ཟླས་མི་གཞན་ལ་རོགས་རམ་བྱེད་པའི་ཆོད་སེམས་དང་སེམས་བཟང་གི་བློ་གཤོགས་ལྡན་པ་མཐོང་སྐབས་རང་ཉིད་ཀྱི་ཁོང་ཁྲོའི་མེ་ལྕེ་རིམ་གྱིས་ཆུང་དུ་ཕྱིན། ཁོང་གཉིས་པོས་གཟབ་ནན་གྱི་ཆེད་དུ། གཉེན་ཉེའི་བསམ་འཆར་ཡང་ཉན་པས་གཉེན་ཉེ་མང་པོ་ཞིག་གིས་དང་ལེན་བྱེད་ཀྱི་མེད། བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར་བཟའ་ཟླའི་རོགས་རམ་འོག་ཨ་བོ་ཆོས་སྒྲོན་དང་ཕུན་ཚོགས་ཆོས་སྒྲོན་གཉིས་སྨན་ཁང་ཞིག་ཏུ་སོང་ནས་མཁལ་མ་བརྗེ་བའི་གཤགས་བཅོས་བྱས། ཨ་བོ་ཆོས་སྒྲོན་གྱི་ཐོག་མའི་བསམ་འདུན་སྟབས་ཧ་ཅང་བདེ་པོ་ཞིག་ཡིན་པ་སྟེ“ཉེ་འགྲམ་གྱི་མི་ཚང་མར་རོགས་རམ་བྱ་རྒྱུ་ནི་ང་ཚོ་འཇིག་རྟེན་འདིར་འཚོ་གནས་བྱེད་པའི་འགན་འཁྲི་ཞིག་རེད། ངས་མཁལ་མ་སྦྱིན་ན་ཕུན་ཚོགས་ཆོས་སྒྲོན་དཀའ་ངལ་ལས་སྒྲོལ་རྒྱུ་ཉག་གཅིག་རེད”སྙམ་པ་དེ་ཡིན། མཁལ་མ་བརྗེ་བ་ནས་གཤགས་བཅོས་རྗེས་ཀྱི་ན་ཚ་དྲག་སྐྱེད་བར་ཨ་བོ་ཆོས་སྒྲོན་གྱིས་ཕུན་ཚོགས་ཆོས་སྒྲོན་ས་ནས་དངུལ་སྐར་མ་གཅིག་ཀྱང་བླངས་མེད་པ་ཟད། ད་དུང་རང་ཉིད་ཀྱི་དངུལ་ཁུག་ནས་ཁོ་མོར་སྨན་རིན་སྒོར་ཁྲི་2ལྷག་ཙམ་སྤྲད།
          རྒྱུན་གཏན་གྱྱི་འཚོ་བའི་ནང་ཨ་བོ་ཆོས་སྒྲོན་གྱིས་སྔ་ཕྱི་བར་གསུམ་དུ་མི་དང་ཕན་ཚུན་འཆམ་པོ་དང་ཞི་མཐུན་མཉམ་གནས་བྱེད་ལ། གཞན་ལ་རོགས་རམ་གང་ཐུབ་ཅི་ཐུབ་བྱས་སྟབས། ཁོང་གི་ཀུན་སྤྱོད་ལ་གྲོང་པ་ཁྱིམ་མཚེས་ཚང་མའི་བསྔགས་བརྗོད་ཡང་ཡང་ཐོབ་ཀྱི་ཡོད། རང་ཉིད་ཀྱྱི་བཟའ་ཟླས་ཡལ་རེའི་ཧྲེ་ཀྲང་གི་འགན་ཁུར་བའི་དུས་ཡུན་ལོ་6རིང་གྲོང་ཚོར་ལམ་བཟོ་བ་དང་ཟམ་པ་རྒྱག་པ་དང་ཐ་ན་གྲོང་མིས་ཁང་པ་དང་སྒོ་ར་རྒྱག་སྐབས་ཀྱང་ཨ་བུ་ཆོས་སྒྲོན་གྱིས་བཟའ་ཟླ་དང་མཉམ་དུ་འོས་འགན་ངལ་རྩོལ་བྱས་ནས་གྲོང་མིར་རོགས་རམ་བྱེད་ཀྱི་ཡོད། “མི་འགའ་ཞིག་གིས་ངའི་བྱ་སྤྱོད་ལ་བསམ་ཤེས་ཐུབ་ཀྱི་མེད། ཡིན་ནའང་རང་ཉིད་ཀྱི་བཟའ་ཟླ་དང་བུ་མོས་བསམ་ཤེས་དང་རྒྱབ་སྐྱོར་བྱས་ན་བློ་ཡིད་ཚིམ་སོང”ཞེས་ཨ་བུ་ཆོས་སྒྲོན་གྱི་གཞུང་དྲང་བབ་ཆགས་ཀྱི་སྐད་ཆའི་ཐོག་ནས་རང་ཉིད་ཀྱི་བརྩེ་སེམས་མཚོན་པར་བྱས།
    【1】  【2】  【3】
      

    ཕྱོགས་བསྡུས་གསར་འགྱུར།