འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་མཚོན་གཙོ་བོ་(ཆ་ཚང་)16དང་རིག་དངོས་100ལྷག་ཙམ་ཐོག་མར་འགྲེམས་སྟོན་བྱས་པ།

    དམག་དཔུང་བཙུགས་ནས་ལོ་90འཁོར་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་ལྟད་མོ་ཧ་ཅང་ཆེ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་25ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་21ཉིན་ཀྲུང་གོ་མི་དམངས་གསར་བརྗེ་དམག་དོན་རྟེན་རྫས་བཤམས་མཛོད་ཁང་དུ་བྱེད་འགོ་ཚུགས་པའི“འོད་སྟོང་འཕྲོ་བའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གསར་དུ་གཏོད་ཅེས་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བ་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་སྟོན”ཐོག་པར་རིས་དང་རི་མོ་སོགས་1000དང་རིག་དངོས་1300ལྷག་ཙམ་བསྟན་པ་ཕུད། ད་དུང་ཅན-10རྟགས་ཅན་གྱི་གནམ་གྲུ་དང་99Aརྟགས་ཅན་གྱི་ཐན་ཁེ་སོགས་གོ་མཚོན་གཙོ་བོ(ཆ་ཚང)16གཅིག་སྡུད་བསྟན་ཅིང་། དེའི་རིང་ཅན-10རྟགས་ཅན་གྱི་གནམ་གྲུ་དང་། 99Aརྟགས་ཅན་གྱི་ཐན་ཁེ། མཚོ་དམག་གི་དམག་གྲུ་བཅས་ཀྱི་སྦྱོང་བརྡར་འདྲ་བཟོས་ཡོ་ཆས་བཅས་ལ་ལྟད་མོ་བ་ལྟ་སྐོར་དུ་གཏོང་རྒྱུ་རེད།
         འགྲེམས་སྟོན་ཟླ་བ་བཅུ་པའི་ཟླ་མཇུག་བར་བྱ་རྒྱུ་དང་ཚེས་27ཉིན་ནས་བཟུང་སྤྱི་དམངས་ལ་སྒོ་མོ་འབྱེད་རྒྱུ།
         ད་རེས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དེ་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། པེ་ཅིང་གྲོང་ཁྱེར་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་ཡིས་འགན་ཞིབ་ཕྲ་ཁུར་བ། ཀྲུང་དབྱང་དམག་ཨུད། ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་ཞུགས་ཡོད། འགྲེམས་སྟོན་ཟླ་བ་བཅུ་པའི་ཟླ་མཇུག་བར་བྱ་རྒྱུ་དང་། ཟླ་7ཚེས་26ཉིན་གོང་ནི་ཆེད་དོན་ལྟ་སྐོར་དུས་ཚོད་ཡིན་པ། ཚེས་27ཉིན་ནས་བཟུང་སྤྱི་དམངས་ལ་དངོས་སུ་སྒོ་མོ་འབྱེད་རྒྱུ་རེད། ཚོགས་པ་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཚང་མས་དམག་དོན་རྟེན་རྫས་བཤམས་མཛོད་ཁང་གི་གཞུང་ཕྱོགས་དྲ་ཚུགས་དང་སྐད་འཕྲིན་སྤྱི་རྟགས་སོགས་ལས་སྟེགས་བརྒྱུད་མངགས་ན་འགྲིག་གི་ཡོད།
         བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་མ་བལྟས་གོང་རང་རེའི་དམག་དཔུང་གི་དངོས་སྒྲིག་གོ་མཚོན་གཙོ་བོར་ལྟ་བ།
         ལྷོ་སྒོ་ནས་འཛུལ་ཏེ་དམག་དོན་རྟེན་རྫས་བཤམས་མཛོད་ཁང་དུ་སྐྱོད་སྐབས་དང་ཐོག་མིག་ལམ་དུ་འཆར་བ་ནི་ཐང་ཆེན་ལྷོ་མར་བང་རིམ་བཞིན་བསྒྲིགས་པའི་རང་རེའི་དམག་དཔུང་གི་གོ་མཚོན་གཙོ་བོ(ཆ་ཚང)16ཡིན་པ་དང་། དེའི་གྲས་སུ་ཚབ་མཚོན་གྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་ཅན-10རྟགས་ཅན་གྱི་གནམ་གྲུ་དང་། ཀྲེ-10རྟགས་ཅན་གྱི་དྲག་ཆས་ཐད་འཕུར་གནམ་གྲུ། 99Aརྟགས་ཅན་གྱི་ཐན་ཁེ་བཅས་ཡོད་ལ། ཤར་རླུང-31རྟགས་ཅན་གྱི་ཉིང་རྡུལ་འཕུར་མདེལ་མཚོན་ཆའི་མ་ལག་དང་། ཧུང་ཆི-6རྟགས་ཅན་གྱི་མདེལ་སྒྱོགས་འགོག་སྲུང་མཚོན་ཆའི་མ་ལག དབྱིང་ཅི-62Aརྟགས་ཅན་གྱི་ངོགས་གྲུའི་འཕུར་མདེལ་འཕེན་གཏོང་རླངས་འཁོར་སོགས་ཀྱང་ཡོད། ཀྲུང་གོ་མི་དམངས་གསར་བརྗེ་དམག་དོན་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་གཞོན་པ་ཧོང་དབྱིས་པིང་གིས་དེ་དག་ཚང་མ་ནི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཆེད་དུ་དམག་དཔུང་ནས་མཁོ་འདོན་བྱས་པའི་དངོས་སྒྲིག་གོ་མཚོན་ཤ་སྟག་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
         བརྗོད་དོན་གཙོ་བོའི་འགྲེམས་སྟོན་དུ་ཆ་ཤས་8བཀོད་སྒྲིག་བྱས་པ་ལས་མི་དམངས་བཅིངས་འགྲོལ་དམག་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་ཕྱོགས་ཡོངས་ནས་མངོན་པ།
         ཐང་ཆེན་ལྷོ་མ་བརྒྱུད་གཞུང་སྒོ་ནས་བསྐྱར་དུ་སྒྲིག་བཟོ་བྱས་པའི་དམག་དོན་རྟེན་རྫས་བཤམས་མཛོད་ཁང་དུ་སྐྱོད་སྐབས་བརྗོད་དོན་གཙོ་བོའི་འགྲེམས་སྟོན་བྱ་ཡུལ་དེ་ནུབ་ངོས་ཀྱི་འགྲེམས་ཁུལ་དུ་ཡོད། འགྲེམས་ཁུལ་དུ་སླེབས་རྗེས་ལྟ་སྐོར་བས་དང་ཐོག་མཐོང་བ་ནི“90”ཞེས་བྲིས་པའི་མཚོན་རྟགས་ཧ་ཅང་ཆེན་པོ་ཞིག་ཡིན་པ་དང་། “0”ཞེས་པའི་ཨང་ཀི་དེའི་ནང་འོད་སྟོང་འཕྲོ་བའི་བརྒྱད་གཅིག་དམག་རྟགས་ཤིག་བཀོད་ཡོད། དམག་རྟགས་དེ་རྒྱབ་ཕྱོགས་སུ་འཐེན་རྗེས་ལྟད་མོ་བ་ཚོ་དེ་ནས་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཁུལ་དུ་སྐྱོད་ཆོག་པ་རེད།
         བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་བཤམས་སྟོན་རྒྱ་ཁྱོན་སྨི་ངོས་གྲུ་4800ཟིན་པ་དང་། འགྲེམས་ལམ་རིང་ཚད་ཁྱོན་སྨི་710ཟིན་ཞིང་། བརྗོད་དོན་གཙོ་བོར་དུས་ཚོད་སྔ་རྗེས་བཞིན་བསྒྲིགས་ནས་མཚོན་པར་བྱས་པ་སྟེ། “ས་ཞིང་གསར་བརྗེའི་དམག་འཁྲུག་ཁྲོད་བྱུང་ནས་འཚར་ལོངས་བྱུང་བ”དང་། “རི་འགོག་དམག་འཁྲུག་ནང་གི་ཆུ་གཞུང་གི་གཞོམ་མེད་བྲག་རི”“རྒྱལ་ཡོངས་ཀྱི་བཅིངས་འགྲོལ་དམག་འཁྲུག་གི་རྒྱལ་ཁ་བླངས་པ”“མི་དམངས་དམངས་གཙོའི་སྲིད་དབང་སྲུང་སྐྱོང་བྱས་པ་དང་མཉམ་སྒྲིག་དཔུང་སྡེ་བཙུགས་པ”“དམག་དཔུང་འཛུགས་སྐྱོང་གི་རྣམ་པ་གསར་པ་བཏོད་པ”“ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དོན་སྒྱུར་བཅོས་ལ་་སྐུལ་འདེད་མགྱོགས་པོ་བཏང་བ”“དུས་རབས་གསར་པ་དང་དུས་མཚམས་གསར་པའི་ལོ་རྒྱུས་ལས་འགན་ཕྱོགས་ཡོངས་ནས་བསྒྲུབས་པ”“དམག་དཔུང་སྟོབས་ཆེར་དང་དམག་དཔུང་དར་རྒྱས་གཏོང་བའི་རྒྱང་སྐྱོད་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་པ”བཅས་ཆ་ཤས་8ལས་ལོ་90ཡི་རིང་མི་དམངས་དམག་དཔུང་གིས་ཏང་གི་འགོ་ཁྲིད་འོག་འགྲིམས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་བཞག་པའི་བྱས་རྗེས་རླབས་ཆེན་ཕྱོགས་ཡོངས་ནས་མངོན་པ་དང་། རང་རེའི་ཏང་དང་དམག་དཔུང་གིས་དུས་ཡུན་རིང་བའི་གསར་བརྗེའི་འཐབ་རྩོད་དང་འཛུགས་སྐྲུན་གྱི་ལག་ལེན་ནང་ཆགས་པའི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་གང་ལེགས་མཚོན་པ་མ་ཟད། དམག་དཔུང་འཛུགས་སྐྲུན་དང་། སྒྱུར་བཅོས། འཕེལ་རྒྱས་བཅས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་གསོན་ཉམས་དོད་པོས་མངོན་ཡོད།
         རྩ་ཆེའི་རིག་དངོས་100ལྷག་ཙམ་ཐོག་མར་འགྲེམས་སྟོན་བྱས་པ།
         ད་རེས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཐོག་རྩ་ཆེའི་རིག་དངོས་དང་ཚད་ལྡན་ཡིག་རིགས་མང་དག་ཅིག་འགྲེམས་སྟོན་བྱས་པ་དཔེར་ན། ཀྲུའུ་ཏེ་ཡིས་ནན་ཁྲང་འོས་ལངས་སྐབས་སྤྱད་པའི་ཐུང་མདའ་དང་། སྔོན་མ་གཡུལ་ས་མདུན་མར་རྒྱབ་སྐྱོར་བྱེད་མཁན་ལས་མི་དང་མཉམ་དུ་ཧོའེ་ཧའེ་གཡུལ་འགྱེད་ནང་སྤྱད་པའི་ལག་འབུད་འཁོར་ལོ། རང་རྒྱལ་གྱི་ཉིང་རྡུལ་ཚ་བའི་མཚོན་མདེལ་དང་པོ་དང་གནམ་གྲུ་ནས་འཕེན་པའི་རྡུལ་ཕྲན་འབར་མདེལ་དང་པོའི་འདྲ་དཔེ། དབུན་ཁྲོན་ས་ཡོམ་སྐབས་ཉེན་སྐྱོབ་གེགས་སེལ་བྱེད་མཁན་འཐབ་འཛིང་པས་རྒྱབ་ཁུག་སྟེང་བྲིས་པའི་ཁ་ཆེམས་ཡི་གེ སྒྱུར་བཅོས་བྱས་རྗེས་ཀྱི་དམག་རིགས་ཀྱི་མཚོན་རྟགས་གསར་པ་སོགས་ཚང་མ་རང་རེའི་དམག་དཔུང་གི་ལོ་རྒྱུས་ཀྱི་དཔང་རྟགས་ཤ་སྟག་རེད།
         ཧོང་དབྱིས་པིང་གིས་དེའི་ཁྲོད་ཀྱི་རིག་དངོས་100ལྷག་ཙམ་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པ་དང་དེ་དག་ཕལ་ཆེ་བ་ཉེ་བའི་ལོ་ཤས་རིང་གསར་དུ་བསྡུ་རུབ་བྱས་པའི་རིག་དངོས་ཤ་སྟག་ཡིན་པ་དཔེར་ན། རི་འགོག་མཉམ་འབྲེལ་དམག་དཔུང་གི་འགོ་ཁྲིད་པ་ཀྲོའུ་པའོ་ཀྲུང་གི་བྱང་ཤར་རི་འགོག་ངེས་མེད་རྒོལ་རྡུང་གི་ཉིན་ཐོ་དང་། གཞན་ཡང་རྒྱུན་རིང་བར་འགྲེམས་སྟོན་བྱས་མེད་པའི་རིག་དངོས་ཀྱང་གང་མང་ཡོད་དེ་དཔེར་ན། ལྔ་ལྔ་རྣམ་པའི་དམག་སྤྱིའི་གཟབ་གོས་དང་རྒྱུན་གོས་བྱས་རྗེས་གཟེངས་རྟགས་ལག་ཁྱེར་སོགས་ཡོད་ཅེས་ངོ་སྤྲོད་བྱས།
         བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་བལྟས་རྗེས་སྐམ་དམག་དང་། མཚོ་དམག མཁའ་དམག་བཅས་གསུམ་གྱི“སྒྲིག་ཆས”“བཀོལ་སྤྱོད”ཀྱང་བྱེད་ཆོག་པ།
         ད་རེས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་ལྟ་སྐོར་དུ་སྐྱོད་པའི་ལམ་བུ་ནི་ཕྱོགས་གཅིག་རྐྱང་ཡིན་པ་དང་ལྟ་སྐོར་བྱེད་མཇུག་འགྲིལ་རྗེས་ལྟ་སྐོར་བས་རྟེན་རྫས་བཤམས་སྟོན་ཁང་གི་གནམ་ཁྲོན་གྱི་ནུབ་ངོས་སུ་ཡོང་སྟེ“ཅན-10རྟགས་ཅན་གྱི་གནམ་གྲུ”དང་། “99Aརྟགས་ཅན་གྱི་ཐན་ཁེ”“མཚོ་དམག་གི་དམག་གྲུ”བཅས“བཀོལ་སྤྱོད”བྱེད་ཆོག་གི་ཡོད་ལ། དི་ནི་ད་རེས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དུ་ཆེད་མངགས་བཀོད་སྒྲིག་བྱས་པའི་མཉམ་འགུལ་རྣམ་གྲངས་ཏེ། སྐམ་དམག་དང་། མཚོ་དམག མཁའ་དམག་བཅས་ཀྱི་གོ་མཚོན་གྱི་འདྲ་བཟོས་ཡོ་ཆས་ཉམས་སུ་མྱོང་རྒྱུ་དེ་རེད། ཧོང་དབྱིས་པིང་གིས་འདྲ་བཟོས་ཡོ་ཆས་དེ་དག་ནི་དཔུང་སྡེས་ད་ལྟ་སྤྱོད་བཞིན་པའི་དམག་སྐུལ་དང་ལེན་གྱི་སྒྲིག་ཆས་ཀྱང་ཡིན་ཞེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།