འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།འབྱུང་འགྱུར་གྱི་ཉ་པའི་གྲོང་ཚོ་འཇུན་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་19ཉིན། 16:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།འབྱུང་འགྱུར་གྱི་ཉ་པའི་གྲོང་ཚོ་འཇུན་པར་བསྐྱོད་པ།
           མི་དམངས་དྲ་བའི་འཕྲིན། ད་ལོའི་ཟླ་བཅུ་པའི་ཟླ་མཇུག་ལ། ཉ་པའི་གྲོང་ཚོ་འཇུན་པའི་རྣམ་པ་གསར་པ་ཞིག་ཡོངས་སུ་མངོན་ཡོང་རྒྱུ་རེད། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་2བཏང་ནས་གྲོང་ཚོའི་སྡོད་ཁང་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པའི་དུས་ཀྱི་སྲོལ་རྒྱུན་རྣམ་པ་བསྐྱར་དུ་བཟོས་ཡོད་པ་མ་ཟད། ཞིང་པའི་སྤྲོ་སྐྱིད་ཁང་དང་། གླིང་ཁ། ཆུ་ཐོག་རྩེད་ར་སོགས་པའི་སྤྲོ་སྐྱིད་ཀྱི་སྒྲིག་བཀོད་ཀྱང་བསྐྲུན་ཡོད་པ་དང་། ས་འོག་གི་བཙོག་ཆུའི་སྦུག་ལམ་དང་ལམ་སྒྲོན་སོགས་ཀྱི་སྒྲིག་བཀོད་བསྐྱར་སྐྲུན་བྱས་པ། རྟེན་རྫས་བཤམས་མཛོད་ཁང་སོགས་བསྐྲུན་ཏེ་ཉ་པའི་གྲོང་ཚོ་འཇུན་པའི་ཁྱད་ལྡན་རིག་གནས་བསྟན་ཡོད་པས། གྲོང་ཚོ་འདི་ཉིད་ཡུལ་སྐོར་གནས་ཆེན་ཞིག་ཏུ་གྱུར་ཡོད་པ་དང་མཉམ་དུ། ཉ་པའི་གྲོང་ཚོ་འཇུན་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གྲོང་མིའི་ཡོང་འབབ་འཕར་སྣོན་ཡོང་བར་བྱས་ཡོད་པ་རེད།
         སྲོལ་རྒྱུན་གྲོང་ཚོ་བསྐྱར་དུ་བསྐྲུན་ཏེ་གནའ་བོའི་དམངས་སྲོལ་རིག་གནས་ཀྱི་ངོ་མཚར་ལ་རོལ་བ།
         ཉ་པའི་གྲོང་ཚོ་འཇུན་པ་ནི་གནའ་བོའི་གྲོང་ཚོ་ཞིག་ཡིན་པའི་ཆ་ནས། དེར་ཐུན་མིན་གྱི་དམངས་སྲོལ་རིག་གནས་ཤིག་ཡོད་ལ། བཟོ་སྐྲུན་གྱི་རྣམ་པ་ནི་མཛེས་སྡུག་ཁྱད་པར་དུ་འཕགས་པའི་མཛེས་ལྗོངས་ལམ་ཐིག་ཅིག་ཡིན་པ་རེད། འོན་ཏང་། དུས་རབས་ཀྱི་འཕོ་འགྱུར་དང་། སྤྱི་ཚོགས་ཀྱི་འཕེལ་རྒྱས་ལས་གྲོང་ཚོ་འདིའི་བཟོ་སྐྲུན་གྱི་རྣམ་པའང་དུས་རབས་ཀྱི་རྗེས་སུ་སྙེགས་ཏེ་ས་ཕག་ལས་རྡོ་ལེབ་ཏུ་གྱུར་པ་དང་། སྡོད་ཁང་གི་རྣམ་པའང་རིམ་བཞིན་རང་ཉིད་ཀྱི་གདོད་མའི་རྣམ་པ་དེ་ཉིད་ཉམས་པར་གྱུར་ཡོད་པ་རེད། རིག་གནས་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ལོ་རྒྱུས་ཐད་ཀར་མཚོན་བྱེད་ཡིན་པའི་ཆ་ནས། དམངས་སྲོལ་རིག་གནས་ལ་ཞིབ་པར་གཟིགས་རྒྱུ་ནི་ད་ལྟའི་སྤྱི་ཚོགས་ཀྱི་ཡུལ་སྐོར་ཚ་རླབས་ཤིག་ཏུ་འཕྱུར་བཞིན་ཡོད་པ་རེད། "ད་ལྟ། ང་ཚོས་ཡང་བསྐྱར་ཉ་པའི་གྲོང་ཚོ་འཇུན་པའི་དུས་རབས་གོང་མའི་ལོ་རབས་ལྔ་བཅུའི་དུས་ཀྱི་བཟོ་སྐྲུན་གྱི་རྣམ་པ་བསྐྱར་གསོ་བྱེད་བཞིན་ཡོད་པ་དང་། ཡུལ་སྐོར་བར་ལོ་རབས་ལྔ་བཅུ་པའི་དུས་ཀྱི་ཉ་པའི་གྲོང་ཚོ་འཇུན་པར་སླེབས་པ་ཚོར་དུ་བཅུག་ནས་ཉ་པའི་གྲོང་ཚོ་འཇུན་པའི་སྲོལ་རྒྱུན་བཟོ་སྐྲུན་གྱི་རྣམ་པ་ཉམས་སུ་མྱོང་དུ་འཇུག་རྒྱུ་ཡིན"ཞེས་ཆུ་ཤུར་གྲོང་རྡལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་པའོ་ཕིང་གིས་མཚམས་སྦྱོར་གནང་བ་རེད།
         "ཉ་པའི་གྲོང་ཚོ་འཇུན་པར་རྟེན་རྫས་བཤམས་མཛོད་འཛུགས་རྒྱུ་དང་། དེར་བོད་ལུགས་ཀོ་ཁུག་དང་། ལག་བཟོའི་བོད་ལུགས་ཡོ་བྱད། ལག་བཟོའི་གདོང་འབོག མ་ཟད་ཀོ་གྲུ་སོགས་ཀྱི་རིགས་ཆེ་ཆུང་སྣ་ཁ་ཚང་མ་བཤམས་རྒྱུ་ཡིན་ཞིང་། དེའི་ནང་དུ་ཀོ་གྲུའི་དྲན་རྟེན་ཆུང་ཆུང་ཡོད་པ་མ་ཟད། ཀོ་གྲུ་དངོས་ཀྱང་ཡོད་པ་རེད། རྟེན་མཛོད་ཁང་དུ་རྫིང་བུ་བསྐྲུན་ནས་དངོས་སུ་ཀོ་གྲུར་སྡོད་ཐུབ་པར་བྱེད་རྒྱུ་རེད། དུས་མཚུངས་སུ། དངོས་ཟོག་ཉོ་འཚོང་ཁུལ་ཡང་བསྐྲུན་ནས་བློ་ལ་བབས་པའི་དངོས་ཟོག་ཐད་ཀར་ཉོ་ཆོག་པར་བྱེད་རྒྱུ་ཡིན"ཞེས་ལི་པའོ་ཕིང་གིས་མཚམས་སྦྱོར་གནང་བ་རེད།
         རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་སྟེ་ཕྱོགས་ཡོངས་ནས་ཡུལ་སྐོར་ལ་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པ།
         ད་ལྟའི་ཉ་པའི་གྲོང་ཚོ་འཇུན་པ་ནི་རི་ལུང་ནགས་ཆུས་ཁེབས་ཡོད་ལ། བྱ་བྱིའུ་ཡི་སྐད་སྙན་སྒྲོག་པའི་ལྷ་ཡུལ་ལྟ་བུ་ཞིག་ཡིན་པས། གང་ཞིག་ནས་ཀྱང་ལྷིང་འཇགས་སླད་མེད་ཀྱི་གྲོང་གསེབ་འཚོ་བ་མངོན་ཡོད། སྲང་ལམ་དུ་དལ་བུར་རྒྱུ་བའི་བ་གླང་མཐོང་ལ། བྱིས་པ་ཚོའི་དགོད་སྒྲ་ཡང་གོ་ཐུབ། རྒན་རྒོན་ཚོའི་ངོ་གདོང་ལ་འཛུམ་གྱིས་ཁེངས་བཞིན་ཡུལ་སྐོར་བ་རེ་རེ་བཞིན་ལ་བསུ་བ་ཡང་གནང་། བྱིའུ་སྐད་སྙན་པར་གྲགས་ལ། བསིལ་རླུང་གིས་མེ་ཏོག་གི་དྲི་བསུང་ཁུར་ཡོང་བས། རང་ཉིད་གནས་སྐབས་ཙམ་དུ་ཟང་ཟིང་གི་གྲོང་ཁྱེར་དང་བྲལ་ཡོད་པའི་ཚོར་བ་ཞིག་སྟེར།
         ལི་པའོ་ཕིང་གིས"ཡུལ་སྐོར་བར་སྟབས་བདེ་བསྐྲུན་ཆེད། ང་ཚོས་ཉ་པའི་གྲོང་ཚོ་འཇུན་པའི་བགྲོད་ལམ་ཚང་མར་ས་འོག་སྦུག་དྲ་བཅོས་སྒྲིག་བྱས་ཡོད་པ་དང་། དེའི་ནང་བཙོག་ཆུའི་སྦུག་དྲ་དང་ཝ་ཆུའི་སྦུག་དྲ་འདུས་ཡོད་ལ། དུས་མཚུངས་སུ་དུད་ཁྱིམ་80ལྷག་ཙམ་ལ་གསང་སྤྱོད་དང་ཆུ་སྙིགས་འདེད་འཕྲུལ་ཡང་བཞག་ཡོད། གཞན་ཡང་ལམ་སྒྲོན་དང་། ལམ་འགྲམ་གྱི་ལྗང་མདོག་སྐྱེ་དངོས། གྲོང་ཚོ་མཛེས་བཟོ་སོགས་བསྐྲུན་ཡོད་པ་མ་ཟད། ད་དུང་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་སོགས་ཀྱང་བསྐྲུན་ཏེ་ཕྱོགས་ཡོངས་ནས་ཡུལ་སྐོར་བར་ཞབས་ཞུ་བྱས་ཡོད"ཅེས་བརྗོད་པ་རེད།
         ཆུ་ཐོག་རྩེད་ར་བསྐྲུན་ཏེ་ཀོ་གྲུར་བསྡད་ནས་རྩེད་མོར་རོལ་ཆོག་པ།
         ཉ་པའི་གྲོང་ཚོ་འཇུན་པ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཉ་པའི་གྲོང་ཚོ་གཅིག་པུ་ཡིན་པ་རེད། ཉ་པའི་གྲོང་ཚོ་འཇུན་པར་སླེབས་པའི་ཡུལ་སྐོར་བ་སུ་ཞིག་གིས་ཀྱང་ཀོ་གྲུ་གཏོང་བ་དང་ཀོ་གྲུ་ནས་ཉ་འཛིན་པའི་འཚོ་བར་རོལ་འདོད་ཡོད་སྟབས། ཉ་པའི་གྲོང་ཚོ་འཇུན་པའི་འབྱུང་འགྱུར་འཆར་འགོད་དུ། ཆུ་ཐོག་རྩེད་ར་ཞིག་བསྐྲུན་རྒྱུ་དང་། ཡུལ་སྐོར་བ་ཀོ་གྲུར་བསྡད་ནས་ཉ་འཛིན་ཐུབ་པར་བྱེད་པ་རེད། "ཁོམ་དུས་དྭངས་གཙང་ཆུ་ཁར་བཞུགས་ནས་ཉ་མོ་འཛིན། གློ་བུར་ཀོ་གྲུར་བཞུགས་ནས་བས་མཐའི་འཚོ་བར་རོལ།" ལི་པའོ་ཕིང་གིས"འབྱུང་འགྱུར་གྱི་ཉ་པའི་གྲོང་ཚོ་འཇུན་པར་ཆུ་ཐོག་རྩེད་ར་བསྐྲུན་ནས་ཀོ་གྲུར་འདུག་པ་དང་ཉ་མོ་འཛིན་པའི་འཚོ་བར་རོལ་བའི་རྣམ་པའི་ལས་ཚན་བསྐྲུན་རྒྱུ་ཡིན། གྲོང་ཁྱེར་དུ་བཞུགས་དུས། རང་བྱུང་ཁམས་ཆེ་མོའི་མཛེས་ལྗོངས་ལ་རོལ་བའི་གོ་སྐབས་དཀོན་ལ། ནམ་རྒྱུན་ལས་ཀ་དང་དོན་དག་གཞན་དག་གི་རྐྱེན་གྱིས། སེམས་ཁམས་ཀྱང་འཚབ་འཚུབ་ཏུ་འགྱུར་ངེས་རེད། གནས་འདི་རུ་སླེབས་པ་ན། ཉ་མོ་འཛིན་པ་དང་ཀོ་གྲུ་བཏང་ཆོག་ཅིང་སེམས་ཁམས་ལྷོད་ལ་འབབ་ཐུབ་པ་དང་སྤྲོ་སྐྱིད་ཀྱང་ལྡན་པར་བྱེད་ཐུབ"ཅེས་མཚམས་སྦྱོར་བྱས།
         ཉ་པའི་གྲོང་ཚོ་འཇུན་པར་ཕེབས་ཏེ་བྲོ་ལྡན་ཟས་ཞིམ་ལ་རོལ་ཆོག
         ཉ་པའི་གྲོང་ཚོ་འཇུན་པའི་རྒྱབ་ལོག་ནི་གདོང་མའི་ན་ཁ་ཆེན་པོ་ཞིག་ཡིན་ལ། ད་ལྟའི་བར་དུ་གསར་སྤེལ་བྱས་མེད། ན་ཁའི་འདམ་རྡོའི་ལམ་བུ་ནི་གྲོང་ཚོ་དང་སྦྲེལ་ཡོད་ལ། དེ་རུ་རྩྭ་ལྗང་སྟུག་པོར་སྐྱེས་ཡོད་པས། གླིང་ཁ་གཏོང་བའི་གནས་ཁྱད་དུ་འཕགས་པ་ཞིག་རེད།
         ཉ་མོའི་སྐོར་ལ། ཚང་མ་ཆ་རྒྱུས་མེད་པ་མ་རེད། ཉ་པའི་གྲོང་ཚོ་འཇུན་པའི་མི་ཚང་མ་ཕ་རབས་བུ་རྒྱུད་ཀྱི་འཚོ་བ་ཉ་འཛིན་པར་བརྟེན་གྱི་ཡོད་པ་རེད། ས་གནས་དེ་གའི་མིས་ལས་སྣོན་བྱས་རྗེས་ཟས་མཆོག་རྨད་དུ་བྱུང་བ་ཞིག་ཏུ་གྱུར་ཡོད་པ་རེད།
         ཉ་པའི་གྲོང་ཚོ་འཇུན་པ་རུ། སྔོན་ཆད་ཡིན་ན་ཟས་རིགས་ལས་སྣོན་བྱེད་ཐབས་རིགས་19ཙམ་ཞིག་ཡོད་པ་དང་། ད་ལྟ་རྒྱུན་འཛིན་ཐུབ་ཡོད་པ་ནི་རིགས་7ཙམ་ལས་མེད་པ་རེད། ཉ་པའི་གྲོང་ཚོ་འཇུན་པའི་དྲི་ཞིམ་བཅུད་ལྡན་གྱི་ཉ་ཟས་ལ། རང་གྲོང་ཚོས་བཟོས་པའི་ནས་ཆང་བསྲེས་ན། དེ་ནི་གདམ་ག་མཆོག་ཏུ་གྱུར་པ་ཞིག་ཡིན་ལ། དུས་མཚུངས་སུ་འཇུན་པ་གྲོང་ཚོའི་ཟས་རིགས་རིག་གནས་ལ་ཆ་རྒྱུས་ལོན་ཐབས་ཤིག་ཀྱང་ཡིན་པ་རེད། ལི་པའོ་ཕིང་གིས"ང་ཚོས་གྲོང་ཚོའི་དུད་ཁྱིམ་ཚང་མར་ཉ་ཟས་གསོལ་སྟོན་བཤམས་པའི་ལས་ཚན་གྲ་སྒྲིག་བྱས་ཏེ་ཡུལ་སྐོར་བ་ཚོ་གྲོང་མིའི་ཁྱིམ་ཚང་དུ་ཕེབས་ནས་ཐུན་མིན་གྱི་ཟས་རིགས་ལ་རོལ་དུ་འཇུག་པ་དང་། དུས་མཚུངས་སུ་གྲོང་མིའི་ཁྱིམ་ཚང་གི་ཟས་རིགས་གཞན་ལ་ཡང་རོལ་ཆོག་པ་རེད"ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།