འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོང་རྟགས་འདི་འདྲ་ཞིག་ཀྱང་ང་ཚོའི་ཁོར་ཡུག་ནས་ཐོན་མྱོང་ཡོད།

    རྩོམ་པ་པོ།  སྒ་གངས་རྩེན།  མཚོ་སྔོན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་19ཉིན། 08:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཚོང་རྟགས་འདི་འདྲ་ཞིག་ཀྱང་ང་ཚོའི་ཁོར་ཡུག་ནས་ཐོན་མྱོང་ཡོད།
          ཚོང་རྟགས་འདི་འདྲ་ཞིག་ཀྱང་ང་ཚོའི་ཕ་ཡུལ་དུ་ཐོན་མྱོང་ཡོད་དེ། དེ་ནི་ཐོས་ན་རྣ་བར་འགྲོ་དཀའ་ཞིང་མཐོང་ན་བསམ་ཡུལ་ལས་འདས་པ་ཞིག་རེད། ངས་སྔོན་ཆད་ཉ་མཚོ་འཇམ་དབྱངས་དཔལ་བཟང་དུ་འབོད་པའི་གསར་བུ་དེས་རེ་བ་ཞེས་པའི་ཚོང་རྟགས་ཤིག་གསར་དུ་བཟོས་ཡོད་པ་དང་དེ་ནི་ཇི་ལྟ་བུའི་ཚོང་རྟགས་ཤིག་ཡིན་ལུགས་སྐོར་གྱི་སྐད་ཆ་མང་པོ་ཞིག་ཐོས་མྱོང་ཡོད་མོད། ཁ་ཤས་ཤིག་གིས་མིང་ཙམ་གྱི་ཚོང་རྟགས་ཤིག་ཡིན་རབས་དང་། ཚད་ལྡན་གྱི་ཚོང་རྟགས་མིན་ལུགས་སོགས་གཅམ་ཚིག་དང་འཁྱོག་བཤད་མང་པོ་བྱས་ཡོད། དོན་དམ་དུ་རེ་བ་རྟགས་ཅན་གྱི་ཚོང་རྟགས་དེ་ཅི་ལྟ་བུའི་དགེ་ལས་ཀྱི་ཚོང་རྟགས་ཆེན་མོ་ཞིག་ཡིན་པ་ཤེས་ཀྱིན་མི་འདུག  འགའ་ཞིག་གིས་རེ་བ་རྟགས་ཅན་ནི་ཚད་ལས་བརྒལ་བའི་རིན་གོང་མཐོན་པོ་ཞིག་དང་། ཡང་རེ་འགའ་ཞིག་གིས་རྒྱུ་སྤུས་ཀྱི་སྐོར་ནས་མི་ལེགས་པ་དང་ཞན་པོ་ཡིན་ཚུལ་སོགས་གཞི་ཚུགས་མི་ཐུབ་པའི་སྐད་ཆ་མང་དག་ཅིག་བཤད་དང་ཤོད་བཞིན་པ་རེད། མ་གཞི་ཡིན་ན་ཡོན་ཏན་འབའ་ཞིག་མ་གཏོགས་སྐྱོན་གཏན་ནས་མེད་པའི་སོ་སྐྱེ་ཕལ་བ་ཞིག་ཧ་ལམ་འཇིག་རྟེན་ན་མེད་ངེས་རེད། དེའི་ཕྱིར་སྐྱོན་གྱི་ཕྱོགས་ནས་གླེང་བའི་སྐད་ཆ་དེའང་རེ་ཟུང་ཞིག་བདེན་ཤས་ཆེ། འོན་ཀྱང་སྐད་ཆ་ལ་ལ་ཞིག་ངོ་མ་བློ་ཡུལ་དུ་ཤར་མ་མྱོང་བ་དང་ཇི་ལྟར་འགྲེལ་བཤད་རྒྱག་དགོས་མིན་ཡང་མི་ཤེས་པའི་དཀྲོག་གཏམ་ཧ་ཅང་མང་བས། ངས་དེ་རིང་ཁྱོད་ཚོ་ལ་རེ་བ་རྟགས་ཅན་གྱི་ཚོང་རྟགས་དེ་ཉིད་སྤྱི་ཡོངས་ནས་བསྡུས་པོ་ཞིག་ངོ་སྤྲོད་བྱེད་པར་སྤྲོ།
           དེ་ཡང་རེ་བ་ཞེས་པའི་ཚོང་རྟགས་འདི་ནི་ཁམས་སྒ་ཡུལ་ལུང་བ་ནས་འཚར་ལོངས་བྱུང་བའི་ན་གཞོན་ཁེ་ལས་པ་ཉ་མཚོ་འཇམ་དབྱངས་དཔལ་བཟང་གིས་གསར་དུ་བཟོས་ཤིང་བོད་རང་གི་ཁྱད་ཆོས་དང་མཐུན་པ་མ་ཟད། འདས་མ་ད་གསུམ་གང་ལའང་སྤྱི་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་དང་མི་རིགས་ལ་ཕན་ཞིང་དགེ་བའི་ཐབས་ལམ་ཕུན་སུམ་ཚོགས་པའི་ལག་ཆ་ཞིག་ཏུ་མཐོང་ནས་དེ་ལྟར་བཏགས་པ་ཡིན། ཚོང་རྟགས་འདི་རང་རིགས་དང་སྤྱི་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་ལ་ཕན་པར་འབྲེལ་བ་དམ་ཟབ་ཡོད་ཟེར་བ་དེ་རྩོམ་པ་པོས་ཤོབ་གཏམ་བཤད་པ་རེད་མ་གཏོགས་དགེ་མཚན་ཅི་ཡང་མཐོང་མི་ཐུབ་མཁན་ཉུང་ཉུང་ཞིག་ག་ལ་ཡིན། དེས་ན་ངས་ཀྱང་བདེན་དོན་དངོས་འཚོལ་གྱི་གནས་ལུགས་ངོ་མ་དེ་ཁྱོད་ཚོའི་མིག་ལམ་དུ་བསྟར་བའི་ལས་ལ་མི་ཞུགས་ཀ་མེད་བྱུང་། རེ་བ་ཚང་གིས་ལོ་རེ་བཞིན་དཔལ་འབྱོར་གྱི་ཆ་རྐྱེན་དབུལ་ཞིང་ཤེས་ཡོན་གྱི་ཆུ་ཚད་ཅུང་དམན་པའི་སློབ་མ་གང་མང་ཞིག་ལ་སློབ་ཡོན་སྤྲོད་ཀྱི་ཡོད་ལ། དེ་ནི་སྐད་ཡིག་དང་འབྲེལ་བའི་བྱ་གཞག་རླབས་ཆེན་ཞིག་ཏུ་བརྩིས་ཡོད། སྐད་དང་ཡི་གེ་ནི་མི་རིགས་ཀྱི་ཁྲག་རྒྱུན་ནམ་སྲོག་རྩ་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། དེ་བས་རང་རིགས་ཀྱི་སྐད་ཡིག་ལ་ཞལ་འདེབས་ཅུང་ཙམ་རེ་བསྒྲུབ་ཐུབ་པ་ནི་མི་རིགས་དར་རྒུད་ཇི་ཡོང་དང་འབྲེལ་བའི་ལས་ཀ་ཞིག་གམ་མི་རིགས་ཀྱི་ཚེ་སྲོག་ལ་ཕན་པའི་བྱ་བ་ཞིག་ཏུ་སྣང་སྟེ། ངས་རེ་བ་རྟགས་ཅན་གྱི་ཚོང་རྟགས་དེ་ཉིད་མི་རིགས་ཀྱི་དར་རྒུད་དང་འབྲེལ་བའི་ཚོང་རྟགས་ཤིག་རེད་ཅེས་ལབ་དོན་འདི་ཡིན།
             ཡང་འགའ་ཞིག་གིས་ཚོང་རྟགས་འདི་ཉིད་དགེ་ལས་ཀྱི་ཚོང་རྟགས་ཡིན་ཟེར་བ་དེའང་རྣ་ལམ་དུ་མི་འགྲོ་ཞིང་བསྟོད་བསྔགས་ཀྱི་ཚིག་ཅིག་འདོད་ན་ཐང་། འདི་ཡང་ངོ་མ་ཡིན་ཏེ་རེ་བ་ཚང་གིས་དྭ་ཕྲུག་སློབ་གྲྭ་ལ་རེ་བའི་གྱོན་པ་གནང་གིན་ཡོད་པ་དང་ལྷ་ས་སོགས་ནས་དབུལ་བོ་མང་པོ་ཞིག་ལ་རེ་བའི་བོད་ལྭ་སྤྲད་ཡོད། ད་དུང་དགོན་པ་ཆེ་ཤོས་དང་སློབ་གྲྭ་ཆེ་ཤོས་བཅས་ལ་རེ་བ་རྟགས་ཅན་གྱི་དཔེ་ཁུག་སོགས་རིན་པ་མི་དགོས་པར་གང་མང་ཞིག་སྟེར་མྱོང་ཡོད་ལ། ད་ལོ་ཡང་རྒྱ་ནག་གཞུང་གིས་རེ་བའི་ཚོང་དཔོན་ཁོང་ནི་སྤྱི་ཕན་གཏོང་ཕོད་ཅན་གྱི་མི་སྣ་གྲགས་ཅན་དུ་ངོས་འཛིན་བྱས་ཏེ་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད། རྒྱལ་སྤྱིའི་གར་སྟེགས་སུའང་ཚོང་དཔོན་མཆོག་གདན་དྲངས་ནས་བསྟོད་པའི་མེ་ཏོག་གི་འདབ་མ་ཡོངས་སུ་གྲོལ་བར་བྱས།
            ཉེ་ཆར་བོད་རང་གི་ཁྱད་ཆོས་མ་ཡལ་ཞིང་སྦྲང་དཀར་རྩམ་པའི་སྡེབ་སྦྱོར་ལས་ཐོན་པའི་རེ་བའི་བོད་ཇ་ཡང་མདོ་ཁམས་འཇང་དགུན་ཆོས་ཐེངས་བཅོ་བརྒྱད་པ་གདན་ས་ཆེན་མོ་དཔལ་ལྡན་ཟིལ་དཀར་བཤད་སྒྲུབ་དར་རྒྱས་གླིང་དུ་འཚོགས་པའི་སྐབས་སུ་དགེ་འདུན་པ་བཞི་སྟོང་ལ་ཉེ་བར་སྐུ་འགྱེད་བཏང་བ་འདི་དག་བདག་གིས་དགེ་ལས་སུ་འདོད་པས་འཁྲུལ་བ་ཡིན་ན་མཐོལ་ལོ་བཤགས། ད་དུང་རེ་བའི་གསེར་གྱི་གཟེངས་རྟགས་སོགས་རླབས་ཆེན་གྱི་མཛད་རྒྱས་ཆེ་གྲས་ཁ་ཤས་ཤིག་གླེང་མེད། དེ་ནི་གླེང་ཡང་དགོས་པ་མི་འདུག་སྙམ་སྟེ་བྱ་གཞག་དེ་དག་ཤེས་ཡོན་ཅན་དང་འཇོན་ནུས་ཅན་གྱི་སྐྱེས་བུ་མ་ཡིན་ཡང་ཐམས་ཅད་ཀྱི་སེམས་སུ་འོད་ལམ་ལམ་དུ་འཚེར་གྱིན་ཡོད་པས་ངས་འདི་གར་ཁ་གསལ་ཞིག་ཞུ་ཅི་ལ་དགོས། གལ་ཏེ་དེ་དག་ཀྱང་རིན་ཐང་དུ་མི་མཐོང་བའི་མི་ཞིག་ཡོད་ཚེ་དམིགས་བསལ་གྱི་ལམ་བུ་ལ་ཞུགས་དགོས་པའི་རིགས་མིན་པའི་ངེས་པར་མེད་དོ། །
      

    ཕྱོགས་བསྡུས་གསར་འགྱུར།