འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཐུམ་འབུའི་ནད་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་མཐའ་
    གཅིག་ཏུ་ལེན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           ཐུམ་འབུའི་ནད་ནི་མི་ཕྱུགས་གཉིས་ཀར་ཕོག་པའི་གཞན་རྟེན་སྲིན་འབུའི་ནད་ཅིག་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ནད་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཁུར་པོ་ལྕི་ཤོས་ཀྱི་ནད་ཡམས་བཅུའི་གྲས་སུ་གཏན་འཁེལ་བྱས་ཡོད། མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་ཁུལ་འདི་ཉིད་འཛམ་གླིང་ཐོག་གི“ས་བབ་མཐོ་ཤོས་དང་། འགོ་ཚད་མཐོ་ཤོས། ཚབས་ཆེ་ཤོས། འགོག་བཅོས་རྙོག་དྲ་ཆེ་ཤོས”བཅས་ཀྱི་ཐུམ་འབུའི་ནད་ཁྱབ་ཆེ་བའི་ས་ཁུལ་ཞིག་ཡིན་པ་དང་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་ཀྱིས་རྐྱེན་པས་དབུལ་པོར་བསྐྱར་དུ་ལོག་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
           འདི་ལོའི་ཟླ་བ་གསུམ་པར་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་མཚོ་སྔོན་གྱི་ཡུལ་ཤུལ་ཀྲོའུ་དང་མགོ་ལོག་ཀྲོའུ་གཉིས་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན་བཅས་ཞིང་ཆེན་(རང་སྐྱོང་ལྗོངས)གསུམ་གྱི་བོད་རིགས་ས་ཁུལ་གྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་མ་ལག་ནང་བཅུག་པ་རེད། གསར་འགོད་པས་ས་གནས་དེ་གར་བཅར་འདྲི་བྱེད་པར་སྐྱོད་སྐབས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཐུམ་འབུའི་ནད་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་པའི་དུང་བརྡ་གཏོང་བཞིན་ཡོད་པ་རེད།
           བསྡོམས་རྩིས་བརྒྱབ་པ་ལས་མངོན་པར། 2016ལོར་མཚོ་སྔོན་ཞིང་ཆེན་གྱིས་ཐུམ་འབུའི་ནད་འགོག་བཅོས་ཀྱི་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་སྟེ་ཞིང་ཆེན་རིམ་པའི་ཐུམ་འབུའི་ནད་སྨན་བཅོས་ལྟེ་གནས་1དང་། ཐུམ་འབུའི་ནད་འགོག་བཅོས་ཀྱི་ཞིབ་འཇུག་ཁང་1 ཀྲོའུ་རིམ་པའི་ཐུམ་འབུའི་ནད་སྨན་བཅོས་ལྟེ་གནས་ཀྱི་རྟེན་གཞི་2བཅས་བཙུགས་པ་དང་། མི་ཁྲི་180ལ་འདེམས་སྒྲུག་བརྟག་དཔྱད་བྱས་པའི་ནང་ནས་གསར་དུ་ཤེས་རྟོགས་བྱུང་བའི་ནད་པ་2200ལྷག་ཙམ་ལ་སྨན་རིན་མི་དགོས་པར་གཤགས་བཅོས་སམ་ཡང་ན་སྨན་ལ་བརྟེན་ནས་སྨན་བཅོས་བྱས་པ་རེད།
           གསར་འགོད་པར་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཐུམ་འབུའི་ནད་འགོག་བཅོས་ཀྱི་ལས་དོན་ལ་སྔར་ནས་ད་བར་མཐོང་ཆེན་པོ་བྱེད་ཅིང་། 2015ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་(2016ལོ་ནས་2020ལོ་བར)》བཟོས་ནས་བཏོན་པ་རེད། འདི་ལོའི་ཟླ་བ་ལྔ་པའི་ཟླ་སྨད་དུ་གྲོལ་མ་ཐག་པའི་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པས་དམངས་འཚོ་འགན་ལེན་གྱི་འཐབ་ཇུས་ཀྱི་ཚད་གཞི་མཐོ་པོའི་ཐོག་ནས“2020ལོའི་གོང་དུ་ཐུམ་འབུའི་ནད་ཕོག་པའི་མི་ཚོགས་ལ་འདེམས་སྒྲུག་བརྟག་དཔྱད་དང་སྨན་བཅོས་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས་པ་དང་གཙོ་གནད་ས་ཁུལ་དུ་ཁྱབ་ཆེ་བའི་གནས་ཚུལ་གཞི་རྩའི་ཆ་ནས་བཀག་འགོག་ཐུབ་པ་བྱེད་དགོས”ཞེས་བླང་བྱ་གསལ་པོ་བཏོན་ཡོད་པ་རེད།
          གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། འདི་ལོ་མཚོ་སྔོན་གྱིས་ཀྲུང་དབྱང་ནོར་སྲིད་ཀྱི་སྤྱི་པའི་འཕྲོད་བསྟེན་རྣམ་གྲངས་གལ་ཆེན་གྱི་མ་དངུལ་འགན་ལེན་བྱེད་པ་དང་ཆབས་ཅིག ཞིང་ཆེན་སྲིད་གཞུང་གིས་མུ་མཐུད་ཆེད་དོན་མ་དངུལ་སྒོར་ཁྲི་3500བཀོད་སྒྲིག་བྱས་ཏེ་ཡུལ་ཤུལ་དང་མགོ་ལོག་སོགས་ཀྱི་མང་ཚོགས་ལ་འདེམས་སྒྲུག་བརྟག་དཔྱད་བྱ་རྒྱུ་དང་། འཁྱམ་ཁྱིར་དོ་དམ་བྱ་རྒྱུ། ཁྱིའི་སྲིན་འབུ་གསོད་རྒྱུ། བདེ་ཐང་སློབ་གསོ་སོགས་ཀྱི་ལས་དོན་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པ་དང་། ཀྲོའུ་དང་རྫོང་རིམ་པའི་ནད་ཡམས་སྔོན་འགོག་སྒྲིག་གཞིའི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གཏོང་བ། ཐུམ་འབུའི་ནད་འགོག་བཅོས་ཀྱི་ལས་དོན་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལོ་མཇུག་ཏུ་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་མི་ཚོགས་ནང་ནས་མི་ཁྲི་200ཡན་ལ་ཐུམ་འབུའི་ནད་ཕོག་མིན་འདེམས་སྒྲུག་བརྟག་དཔྱད་བྱ་རྒྱུ་དང་། རིམ་རྩིས་ལྟར་ན། མི་ཁྲི་460ཡན་ལ་འདེམས་སྒྲུག་བརྟག་དཔྱད་བྱས་ནས་ནད་པར་དོ་དམ་ཚད་ལྡན་བྱེད་ཚད་90%ཡན་ཟིན་པ་བྱ་རྒྱུ། སློབ་གྲྭ་འབྲིང་ཆུང་གི་སློབ་མས་ཐུམ་འབུའི་ནད་འགོག་བཅོས་སྐོར་གྱི་ཤེས་བྱ་ཤེས་ཚད་95%ཡན་ཟིན་པ་བྱ་རྒྱུ། རྫོང་80%ཡན་དུ་ཆེད་དམིགས་བཤས་ར་འཛུགས་རྒྱུ། བཤས་བཏང་བའི་ཤ་རིགས་ལ་ནད་ཡམས་བརྟག་དཔྱད་བྱེད་ཚད་དང་གནོད་ཅན་ནང་ཆ་གཙང་སེལ་བྱེད་ཚད་100%ཟིན་པ་བྱ་རྒྱུ་བཅས་རེད།
          འདེམས་སྒྲུག་བརྟག་དཔྱད་དང་བཅོས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད། འདི་ལོའི་ཟླ་བ་དང་པོ་ནས་མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གིས་མི་ཁྲི་107ལ་འདེམས་སྒྲུག་བརྟག་དཔྱད་བྱས་པ་ལས་ནད་པ་905གསར་དུ་ཤེས་རྟོགས་བྱུང་བ་ཚང་མར་སྨན་རིན་མི་དགོས་པར་གཤགས་བཅོས་སམ་ཡང་ན་སྨན་ལ་བརྟེན་ནས་སྨན་བཅོས་བྱས་པ་རེད།
           མིག་སྔར་རིམ་དབྱེའི་སྨན་བཅོས་གཞི་རྟེན་དུ་བྱས་ཏེ་མཚོ་སྔོན་གྱིས་ཞིང་ཆེན་རིམ་པའི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་སྨན་བཅོས་ལྟེ་གནས་སུ་བྱེད་པ་དང་། ཀྲོའུ་(གྲོང་ཁྱེར)ཡི་སྨན་ཁང་སྨན་བཅོས་རྟེན་གཞིར་བྱེད་པ། རྫོང་རིམ་པའི་སྨན་ཁང་སྨན་བཅོས་དང་སྐྱོབ་བཅོས་ས་ཚིགས་སུ་བྱེད་པ། ཤང་(གྲོང་རྡལ)གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྨན་བཅོས་དོ་དམ་ས་ཚིགས་སུ་བྱེད་པ་བཅས་ཀྱི“རིམ་བཞིའི”རིམ་དབྱེའི་སྨན་བཅོས་མཉམ་འགུལ་ལམ་སྲོལ་བཙུགས་ཡོད་པ་རེད།
            མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་གྱིས། ཐུམ་འབུའི་ནད་འགོག་བཅོས་ལ་རྨང་གཞིའི་སྒྲིག་བཀོད་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ཆབས་ཅིག གཤགས་བཅོས་དང་སྨན་བཅོས་ཐད་ཀྱི་ཁ་གསབ་རོགས་དངུལ་སྤྲོད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། “བརྟག་དཔྱད་ལས་དོན་གཏིང་ཟབ་སྤེལ་བ་དང་ཆབས་ཅིག་ནད་པའང་ཇེ་མང་དུ་འགྲོ་བ་ཤེས་རྟོགས་བྱུང་བས་རྒྱལ་ཁབ་ནས་ནད་པར་གཤགས་བཅོས་དང་སྨན་བཅོས་ཐད་ཀྱི་ཁ་གསབ་རོགས་དངུལ་སྤྲོད་ཤུགས་ཆེ་རུ་བཏང་སྟེ་ནད་པ་དེ་བས་མང་བར་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་འགན་ལེན་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་རྒྱུའི་རེ་བ་ཡོད”ཅེས་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།