འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་སྟོབས་ནང་འདྲེན་དང་ཕྱི་ཕྱོགས་འབྲེལ་གཏུག་ཟུང་འབྲེལ་གྱིས་སྣ་ཁ་གསར་པ་སྐྱེད་སྲིང་
    བྱས་ཏེ་མཚོ་བོད་ས་མཐོའི་ཐོག་ལི་གྲོ་འདེབས་རྒྱུ་ཁྱབ་གདལ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ལམ་ལོ་ཤས་རིང་། མི་རྣམས་ཀྱིས་དགའ་པོ་བྱེད་པ་དང་བདེ་ཐང་བཟའ་བཅར་བརྩི་བའི་ལི་གྲོ་མཚོ་བོད་ས་མཐོའི་ཐོག་འདེབས་པ་དང་ཁྱབ་གདལ་གཏོང་རྒྱུར་ཚད་བརྒལ་གསར་པ་བྱུང་ཡོད་པ་རེད། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གདན་དྲངས་པ་དང་ཕྱི་རྒྱལ་དུ་བསྐྱོད་ནས་ཆེད་དོན་གསོ་སྦྱོང་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱིས“མཚོ་སྔོན་གྱི་ལི་གྲོ་ཨང་དང་པོ”དང“མཚོ་སྔོན་གྱི་ལི་གྲོ་ཨང་གཉིས་པའི”ཐོན་འབབ་མཐོ་བ་དང་སྤུས་ཚད་ལེགས་པའི་ལི་གྲོའི་སྣ་ཁ་གསར་པ་འདེམས་གསོ་བྱས་ནས་ཚྭ་འདམ་གཞོང་ས་འདི་ཉིད་མཚོ་སྔོན་གྱི་ལི་གྲོ་འདེབས་ཁུལ་བཟང་ཤོས་ཡིན་པའི་གཏན་འཁེལ་བྱས་ཡོད་པ་དང་འབྲེལ་ལི་གྲོ་འདེབས་གསོའི་ལག་རྩལ་གྱི་ཚད་གཞི་རགས་ཙམ་བཟོས་ཡོད་པ་རེད།
            མཚོ་སྔོན་ཞིང་ཆེན་གྱིས་2014ལོར་ཨ་ཀེན་ཐིན་པུའུ་དབྱི་ནོ་སི་ཨེ་རི་སི་སློབ་ཆེན་གྱི་ལི་གྲོའི་རིགས་གཅིག་མཁས་ཅན་ཏན་ཉིར་ཞིང་ནང་དུ་ཆེད་དོན་མཛུབ་ཁྲིད་བྱེད་རྒྱུར་གདན་དྲངས་པ་དང་འབྲེལ། 2015ལོར་ས་ཆ་དེའི་ཚན་ཞིབ་མི་སྣ་ཕྱི་རྒྱལ་དུ་ཆེད་དོན་གསོ་སྦྱོང་བྱེད་པར་མངགས་ནས་འབྲེལ་ཡོད་ལག་རྩལ་གྱི་དཀའ་གནད་སེལ་ཐབས་བྱས་ཡོད་པ་རེད།
           ལོ་གསུམ་རིང་མཚོ་སྔོན་ཞིང་ཆེན་གྱིས་ལི་གྲོའི་ས་བོན་གྱི་ཐོན་ཁུངས་500ལྷག་ཙམ་ནང་འདྲེན་བྱས་ནས་ལི་གྲོའི་སྣ་ཁ་འདེམས་གསོ་དང་། ལེགས་ཆ་ལྡན་པའི་ས་ཁོངས་དབྱེ་འབྱེད་དང་དེ་བཞིན་འདེབས་གསོའི་གཡོག་བྱེད་བྱེད་སྟབས་བཅས་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད། སྣོད་བཅུད་ཁུལ་མི་འདྲ་བར་གསལ་འབྱེད་དང་འདེམས་སྒྲུག་བྱས་པའི་རྨང་གཞིའི་ཐོག་ཚན་ཞིབ་མི་སྣས་ཕྱོགས་བསྡུས་རང་བཞིན་ཅུང་བཟང་བའི་སྣ་ཁ་8ཀྱི་ཁྲོད་ནས་མཐར་ཐོན་འབབ་མཐོ་བ་དང་སྤུས་ཚད་ལེགས་པའི་ལི་གྲོའི་སྣ་ཁ་གསར་པ“མཚོ་སྔོན་གྱི་ལི་གྲོ་ཨང་དང་པོ”དང“མཚོ་སྔོན་གྱི་ལི་གྲོ་ཨང་གཉིས་པ”འདེམས་གསོ་བྱས་ཡོད་པ་རེད།
          མཚོ་སྔོན་ཞིང་ཆེན་ཞིང་ལས་དང་ནགས་ཚལ་ཚན་རིག་ཁང་གི་ཞིབ་འཇུག་མི་སྣ་ཡའོ་ཡིའུ་ཧྭ་ཡིས་སྣ་ཁ་གསར་པར་སྔ་སྨིན་དང་། ཐོན་ལེགས། འབྲུ་རྡོག་ཆེ་བ། ལས་སྣོན་གྱི་ཕན་འབྲས་བཟང་བ། འཕྲུལ་འཁོར་ལ་བརྟེན་ནས་བརྔ་བསྡུ་བྱེད་རྒྱུར་འཚམ་པ། ནད་འབུའི་གནོད་འཚེ་འགོག་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པ་མ་ཟད། ད་དུང་མེ་གླིང་ལྷོ་མའི་ཐོན་ཁུལ་གྱི་ཐོན་ཚད་ལས་མཐོ་བ་དང་སྤུས་ཚད་དེ་བས་ལེགས་པའི་ཁྱད་ཆོས་ལྡན་ཡོད་པ་རེད། ད་ཡོད་ཀྱི་གྲུབ་འབྲས་ལ་བརྟེན་ནས་ཐོན་སློབ་ཟུང་འབྲེལ་གྱི་ཐབས་ལམ་འཚོལ་ཞིབ་བྱས་པས་མཚོ་སྔོན་དུ“ཁེ་ལས་དང་རྟེན་གཞི་ཟུང་དུ་འབྲེལ་བའི”འཕེལ་རྒྱས་ཀྱི་རྣམ་པ་རགས་ཙམ་ཆགས་ཡོད་པ་དང་དུས་མཚུངས། ལི་གྲོའི་ཐུག་པ་དང་། ལི་གྲོའི་རྩི་ཤིང་སྤྲི་དཀར་བཏུང་བྱ་སོགས་ཀྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཐུབ་པ་དང་། “ཚྭ་འདམ་གཞོང་སའི་ལི་གྲོའི”སྤུས་རྟགས་སྐྱེད་སྲིང་ཐུབ་ནས་མཚོ་བོད་ས་མཐོར་ལི་གྲོ་འདེབས་ཐུབ་པ་དང་འབྲེལ་ཐོན་རྫས་ཞིབ་བཟོ་བྱས་པ་ནས་ཁྲོམ་རར་འདོན་པའི་བར་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།