འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོས་ལྷ་མོ་སྐོང་འཁྲབ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ལྷ་མོ་གསོན་ཉམས་ལྡན་པའི་ངང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་དང་ཕུལ་བྱུང་དམངས་ཁྲོད་སྒྱུ་རྩལ་པ་འཚོལ་བསྡུ་དང་སྔོག་འདོན་བྱ་ཆེད། ཀན་ལྷོའི་ལྷ་མོ་སྐོང་འཁྲབ་སྐབས་དང་པོ་ཉིན་ཤས་གོང་ཀན་ལྷོར་བྱས་ཤིང་། ཀྲོའུ་ཡོངས་ཀྱི་འཐུས་མི་རུ་ཁག་16སྐོང་འཁྲབ་ནང་ཞུགས་ཡོད། འདི་ནི་དུས་རབས་གོང་མའི་ལོ་རབས་80ཡི་རྗེས་སུ་སྤེལ་བའི་གཞི་ཁྱོན་ཆེ་བའི་ལྷ་མོ་སྐོང་འཁྲབ་ཐོག་མ་དེ་ཡིན་པ་རེད།
          ཨ་མདོའི་ལྷ་མོ་ནི་དུས་རབས་18པ་ནས་བཟུང“འཛམ་གླིང་གི་བོད་རིག་པའི་མཛོད”དུ་གྲགས་པའི་བླ་བྲང་བཀྲ་ཤིས་འཁྱིལ་ནས་དར་བ་དང་། དེ་ནི་ལོ་རྒྱུས་ཀྱི་མི་སྣའི་རྣམ་ཐར་རམ་ཡང་ན་དམངས་ཁྲོད་སྒྲུང་གཏམ་ཁྲོད་ཀྱི་མི་སྣ་ངོ་མཚར་ཅན་དང་མི་རིགས་ཀྱི་དཔའ་བོ་དཔྱད་གཞིར་བྱས་པ་དང་མི་སེམས་འགུལ་བའི་གནས་ཚུལ་དང་གྲུབ་ཆ་ཆ་ཚང་བའི་ཟློས་གར་གྱི་འཁྲབ་སྟོན་བྱེད་སྟངས་ཤིག་ཡིན། 2010ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་རེད།
           ད་ཐེངས་ཀྱི་སྐོང་འཁྲབ་དེ་གཙོད་དང་། བསང་ཆུ། ཅོ་ནེ། རྨ་ཆུ། ཀླུ་ཆུ་སོགས་རྫོང་དང་གྲོང་ཁྱེར་གྱི་གྲོང་ཚོ་14ཡི་ལྷ་མོ་འཁྲབ་སྟོན་རུ་ཁག་གིས་《སྲོང་བཙན་སྒམ་པོ་》དང་《དྲི་མེད་ཀུན་ལྡན་》སོགས་འཁྲབ་སྟོན་བྱས་ཡོད།
          བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། དེའི་རིང་《འགྲོ་བ་བཟང་མོ་》སོགས་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་འཁྲབ་ཚན་ཁག་ལྔ་ནང་སྦྱོང་བྱས་པ་ཕུད་བོད་རིགས་ཀྱི་ལོ་རྒྱུས་བརྗོད་བྱར་བྱས་པའི་ཟློས་གར་《སྲོང་བཙན་སྒམ་པོ་》དང་《ཁྲི་སྲོང་ལྡེ་བཙན》དང་དེ་བཞིན་བོད་རིགས་ཀྱི་དཔའ་བོའི་ལོ་རྒྱུས་མཚོན་པའི་སྙན་ངག་《གླིང་སྒྲུང་》བསྐྱར་སྒྲིག་བྱས་པའི་ཟློས་གར་《ཨ་སྟག་ལྷ་མོ་》དང་《ཧོར་གླིང་གཡུལ་འགྱེད་》གསར་རྩོམ་དང་འཁྲབ་སྟོན་བྱས་ཡོད།
           ངོ་སྤྲོད་བྱས་པར་གཞིགས་ན། རྣམ་ཐར་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་ཟློས་གར་གྱི་རྣམ་གྲངས་དེ་སྲོལ་རྒྱུན་ནས་རིམ་གྱིས་དེང་རབས་ཕྱོགས་སུ་འཕེལ་རྒྱས་བྱུང་བ་དང་། ནང་དོན་དེ་ལོ་རྒྱུས་ཀྱི་དོན་རྐྱེན་ནས་དེང་རབས་འཚོ་བར་གྱུར་པ། འཁྲབ་ཡུལ་དེ་ཐང་ཆེན་ནས་གར་སྟེགས་ལ་གྱུར་པ། ཟློས་གར་ཚོགས་པ་དེ་དམངས་ཁྲོད་ཀྱི་རང་འགུལ་ཚོགས་པ་ནས་ཆེད་ལས་ཚོགས་པར་གྱུར་པ་བཅས་རེད། དེ་དགོན་སྡེ་ནས་དམངས་ཁྲོད་བར་དང་དམངས་ཁྲོད་ནས་ཆེད་ལས་གར་སྟེགས་ཕྱོགས་སུ་འགྱུར་བ་བྱུང་སྟེ་འཁྲབ་རྩལ་གྱི་སྤུས་ཚད་མཐོ་རུ་ཕྱིན་མོད། འོན་ཀྱང་དེ་དམངས་ཁྲོད་དུ་རྩ་བ་བརྟན་པོ་ཚུགས་པས་དམངས་ཚོགས་ཀྱི་མེད་དུ་མི་རུང་བའི་སྒྱུ་རྩལ་གྱི་ལོངས་སྤྱོད་ཅིག་ཏུ་གྱུར་ཡོད།
          ཀན་ལྷོ་ཀྲོའུ་མངའ་ཁོངས་སུ་མངོན་མིན་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་པ་སྟེ། ཀན་ལྷོའི་བོད་རིགས་ཐང་ག་དང་། བོད་ཀྱི་གསོ་བ་རིག་པ། བོད་རིགས་ཀྱི་དམངས་གཞས། ཀན་ལྷོའི་ལྷ་མོ་སོགས་ཁག་8ཚང་མ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།