འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་རྒྱ་གར་གྱིས་ལམ་ནོར་ལྡོག་ཤེས་མེད་པ་མ་བྱེད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་14ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱ་གར་དམག་དཔུང་གིས་ཁྲིམས་དང་འགལ་ཏེ་རྒྱལ་མཚམས་ལས་བརྒལ་ནས་ཧ་ལམ་ཟླ་གཅིག་ཉེ་བ་ཕྱིན་པ་རེད། ཀྲུང་གོས་རྒྱ་གར་ཕྱོགས་ལ་འཕྲལ་མར་ལབ་གླེང་མེད་པར་རྒྱལ་མཚམས་ལས་བརྒལ་བའི་མཐའ་སྲུང་དམག་དཔུང་མཐའ་མཚམས་ས་ཐིག་གི་རྒྱ་གར་གཞོགས་སུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་ཡང་ཡང་བྱས་ཀྱང་། རྒྱ་གར་ཕྱོགས་ཀྱིས་དེར་ད་ལྟའི་བར་ཐོས་ཀྱང་མ་ཐོས་པའི་ཚུལ་བྱེད་བཞིན་ཡོད་པ་རེད། དེ་ལ་ང་ཚོས་རྒྱ་གར་ལ་ལམ་ནོར་ལྡོག་ཤེས་མེད་པ་མ་བྱེད། མུ་མཐུད་དེ་ལྟར་བྱས་ན་སྔར་ལས་གཞན་དབང་གི་གནས་སུ་གྱུར་ངེས་རེད་ཅེས་ལྕག་འདེབས་བྱེད་ཀྱི་ཡིན།
         2013ལོ་དང་2014ལོ་སོ་སོར་ལ་དྭགས་ཉེ་འགྲམ་དུ་ཀྲུང་རྒྱ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་བར་ཁ་གཏད་དུ་ལངས་པའི་དོན་རྐྱེན་བྱུང་མྱོང་ཞིང་། རྗེས་སུ་ཕྱི་འབྲེལ་འདུམ་འགྲིག་བྱས་པ་བརྒྱུད་ཐག་གཅོད་འོས་འཚམས་བྱས་པ་རེད། ཡིན་ན་ཡང་འདས་པའི་ལོ་ཁ་ཤས་སུ་ཕྱོགས་གཉིས་ཀྱི་མཐའ་སྲུང་དམག་དཔུང་བར་གཏན་ཁེལ་མེད་པའི་ས་མཚམས་ས་ཁུལ་དུ་གདོང་གཏུག་བྱུང་བ་དང་རྩ་བའི་ཁྱད་པར་ཡོད་པ་ནི། ཐེངས་འདི་ནི་རྒྱ་གར་གྱི་དམག་དཔུང་ཐེངས་དང་པོ་ཕྱོགས་གཉིས་ཀྱི་ས་མཚམས་དབྱེ་འབྱེད་གཏན་ཁེལ་ཟིན་པའི"འབྲས་ལྗོངས་ཀྱི་ས་མཚམས་དུམ་བུ"ལ་འཛུལ་བ་རེད།
         ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ཀེང་ཧྲོང་གིས་འབྲས་ལྗོངས་ཀྱི་ས་མཚམས་དུམ་བུ་ནི་མིག་སྔར་ཀྲུང་རྒྱ་བར་གྱི་མཐའ་མཚམས་དབྱེ་འབྱེད་གཏན་ཁེལ་ཟིན་པའི་མཐའ་མཚམས་དུམ་བུ་འབའ་ཞིག་ཡིན་ཞིང་། མཐའ་མཚམས་དུམ་བུ་འདི་ནི་1890ལོའི་《ཀྲུང་དབྱིན་གྲོས་ཚོགས་ཀྱི་བོད་རྒྱ་ཆིངས་ཡིག་》ནང་དུ་དངོས་སུ་དབྱེ་འབྱེད་གཏན་འཁེལ་བྱས་པ་ཡིན་པ་དང་། ཀྲུང་རྒྱ་རྒྱལ་ཁབ་གཉིས་ཀའི་སྲིད་གཞུང་གིས་ཆིངས་ཡིག་འདིའི་གོ་ཆོད་པའི་རང་བཞིན་ཁས་བླངས་པ་རེད། ཏག་ཏག་དེའི་དབང་གིས་རྒྱ་གར་གྱིས་ངེས་པར་དུ་ཁྲིམས་དང་འགལ་ནས་རྒྱལ་མཚམས་ལས་བརྒལ་བའི་དམག་དཔུང་ཕྱིར་འཐེན་བྱེད་དགོས་པ་ལས། དེར་གྲོས་མོལ་བྱ་རྒྱུ་གང་ཡང་མེད་ཅེས་བསྟན་པ་རེད།
         དུས་རབས་གོང་མའི་ལོ་རབས་50པར་ཀྲུང་གོ་དང་། རྒྱ་གར། འབར་མ་བཅས་ཀྱིས་ཐུན་མོང་དུ“རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡིན་པར་ཕན་ཚུན་གྱིས་བརྩི་འཇོག་བྱེད་པ་དང་། ཕན་ཚུན་ལ་གནོད་འཚེ་མི་བྱེད་པ། ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས”བཅས་པའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་བཏང་བ་ནི་ཀུན་གྱིས་ཤེས་གསལ་རེད། འོན་ཀྱང་ཐེངས་འདིར་རྒྱ་གར་ཕྱོགས་ཀྱིས་ཁྲིམས་དང་འགལ་ནས་རྒྱལ་ཁབ་གཞན་དག་གི་མངའ་ཁོངས་སུ་འཛུལ་བའི་བྱ་སྤྱོད་དེ་ནི་ཏག་ཏག་རང་ཉིད་ཀྱི་དར་སྤེལ་བཏང་བའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་རྩིས་མེད་དུ་བཏང་བ་རེད།
         ཉེ་བའི་ལོ་འགའི་རིང་ལ་རྒྱ་གར་དམངས་ཁྲོད་དུ་མི་རིགས་རིང་ལུགས་ཀྱི་ཤན་ཞུགས་ཟབ་པོ་མཆིས་པའི་རྩ་འཛུགས་ཁ་ཤས་ཀྱིས་ཀྲུང་གོར་ངོ་རྒོལ་བྱེད་པའི་བསམ་ཚུལ་ངན་སྐུལ་རྒྱུན་ཆད་མེད་པར་བྱེད་ཀྱི་ཡོད་པ་རེད། ཀྲུང་རྒྱ་རྒྱལ་ཁབ་གཉིས་བར་གྱི་མཐའ་མཚམས་ཀྱི་གནས་བབ་ཛ་དྲག་ཏུ་འགྲོ་བའི་སྐབས་སུ་རྩ་འཛུགས་འགའ་ཤས་ཀྱིས་ཐ་ན"དགྲ་བོའི་རྒྱལ་ཁབ་ཀྱི་ཚོང་ཟོག་བཀག་འགོག་བྱེད་དགོས"ཞེས་འུད་སྒྲོག་བྱེད་ཀྱི་ཡོད་པ་དང་། ཐེངས་འདིའི་མཐའ་མཚམས་ལས་བརྒལ་བའི་དོན་རྐྱེན་བྱུང་བའི་སྐབས་སུའང་རྒྱ་གར་ཕྱོགས་ཀྱི་མཐོ་རིམ་དཔོན་པོས་ད་དུང་བློ་རིག་གསལ་པོ་མེད་པའི་གཏམ་བཤད་བྱས་པས། གནས་བབ་དགོས་མེད་ཀྱི་སྔར་ལས་ཛ་དྲག་ཏུ་གྱུར་པ་རེད།
         ཀྲུང་གོའི་གནའ་བོའི་གཏམ་དཔེ་ཞིག་ལ་མཐུན་པོ་བྱུང་ན་མཆོག་གྱུར་ཡིན་ཞེས་བརྗོད་པ་རེད། ཉེ་ཆར། རྒྱ་གར་ཕྱི་འབྲེལ་པུའུ་ཡི་དྲུང་ཡིག་སུའུ་ཅེ་ཧྲེང་གིས་སིང་ཀ་ཕོར་དུ་གཏམ་བཤད་སྤེལ་ནས་རྒྱ་གར་དང་ཀྲུང་གོ་གཉིས་ཀྱིས་ཕན་ཚུན་བར་མི་མཐུན་པ་དེ་རྩོད་གཞིར་འགྱུར་བར་བྱ་མི་རུང་། སྔོན་མར་ང་ཚོས་གནད་དོན་འདི་དག་ཐག་གཅོད་བྱེད་ཐུབ་པ་རེད། ཐེངས་འདིར་མཐའ་མཚམས་ཐད་མི་མཐུན་པའི་གནད་དོན་ཐག་གཅོད་བྱེད་མི་ཐུབ་པའི་རྒྱུ་མཚན་མེད་ཅེས་བརྗོད་པ་རེད། ང་ཚོས་ཕན་ནུས་ལྡན་པའི་རྣམ་འགྱུར་འདི་ལྟར་བསྟན་པར་ཡིད་འཇོག་བྱས་ཡོད་མོད། ཡིན་ནའང་རྒྱ་གར་ཕྱོགས་ཀྱིས་དེ་དང་བསྟུན་པའི་ཕན་ནུས་ལྡན་པའི་བྱ་སྤྱོད་ལག་བསྟར་བྱེད་རྒྱུའི་རེ་བ་དེ་བས་ཆེན་པོ་བྱེད་ཀྱི་ཡོད།
         ཀྲུང་གོའི་ཕྱོགས་ཀྱིས་ཕྱི་འབྲེལ་གྱི་ཐབས་ལམ་ལ་བརྟེན་ནས་ཞི་བདེའི་ངང་གནད་དོན་ཐག་གཅོད་པའི་འདོད་པ་འཛིན་གྱི་ཡོད་ལ། མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལའང་བརྩི་མཐོང་ཆེན་པོའང་བྱེད་ཀྱི་ཡོད་མོད། ཡིན་ནའང་འདི་དག་ཡོད་དོ་ཅོག་གི་སྔོན་འགྲོའི་ཆ་རྐྱེན་ནི་རྒྱ་གར་ཕྱོགས་ཀྱི་མཐའ་མཚམས་ལས་བརྒལ་བའི་མི་སྣ་རྣམས་ལབ་གླེང་མེད་པའི་སྒོ་ནས་ཕྱིར་འཐེན་བྱེད་དགོས་པ་དེ་རེད། རྒྱ་གར་ཕྱོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་བརྩི་སྲུང་བྱས་ནས་ལམ་ནོར་ལྡོག་ཤེས་མེད་པར་བྱ་མི་རུང་བའི་རེ་བ་བྱེད་ཀྱི་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།