མི་དམངས་དྲ་བ།

༄༅།།རྒྱལ་ཡོངས་ཀྱིས་ཤིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་ཐེངས་དྲུག་
པ་ཤིན་ཅང་ཁ་ཧྲིར་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་13ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱིས་ཤིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་ཐེངས་དྲུག་པ་དེ་ཟླ་7ཚེས་9ནས་11ཉིན་བར་ཤིན་ཅང་ཁ་ཧྲིར་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་ཤིན་ཅང་གི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་དང་ལྷག་པར་དུ་ཀྲུང་དབྱང་གི་ཤིན་ཅང་གི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ལོ་20རིང་གི་ཁ་གཏད་ཤིན་སྐྱོར་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་ཁ་གཏད་ཤིན་སྐྱོར་ལས་དོན་སྔར་བས་ལེགས་པའི་སྒོ་ནས་གོང་འཕེལ་ཡོང་བར་སྐུལ་མ་བཏང་སྟེ་ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་བར་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་དགོས་པ་བསྟན་ཡོད་པ་རེད།
       ཡུས་ཀྲེང་ཧྲེང་གིས་ལོ་20རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཁ་གཏད་ཤིན་སྐྱོར་ལས་དོན་དེ་སྤྱི་ཡོངས་ཀྱི་དམིགས་ཚད་ལ་དམ་པོར་གཞིགས་ཏེ་ངེས་གནས་སྔར་བས་ཁ་གསལ་དང་། དམིགས་ཚད་སྔར་བས་གཏན་འཁེལ། གཙོ་གནད་སྔར་བས་འབུར་ཐོན། བྱ་ཐབས་སྔར་བས་གནད་སྨིན་བཅས་ཡོང་བ་བྱས་ནས་ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་འཕེལ་རྒྱས་ཆེད་ནུས་པ་གལ་ཆེན་བཏོན་ཡོད། དེ་དག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ལས་བྱུང་བ། ཤིན་ཅང་གི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་ལས་བྱུང་བ། རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་མ་བཏང་བ་ལས་བྱུང་བ། རྒྱ་ཆེའི་ཤིན་སྐྱོར་ཤེས་ལྡན་ལས་བྱེད་པས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་དཀའ་སྤྱད་འབད་འཐབ་བྱས་པ་ལས་བྱུང་བ་བཅས་རེད། ལག་ལེན་གྱི་ཐོག་ནས་ཤིན་ཅང་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་དང་ཡུན་རིང་ཤིན་སྐྱོར་གྱི་ལས་ཀའི་བྱེད་ཕྱོགས་ནི་ཡོངས་སུ་ཡང་དག་པ་ཞིག་ཡིན་པས་རྒྱ་ཆེའི་ཤིན་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ནི་ཚོད་བགམ་ཐེག་ཐུབ་པ་དང་ཡིད་ཆེས་བྱེད་ཆོག་པ་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད་ཅེས་གསུངས་པ་རེད།
       ཡུས་ཀྲེང་ཧྲེང་གིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཁ་གཏད་ཤིན་སྐྱོར་ལས་དོན་ཐད་ཏང་ཀྲུང་དབྱང་གི་ཤིན་སྐྱོང་མཛད་ཇུས་དང་ཤིན་སྐྱོར་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཤིན་ཅང་གི་སྒྱུར་འཕེལ་བརྟན་གསུམ་དང་འབྲེལ་བ་ཡོད་པའི་གཞི་རྩའི་རང་བཞིན་དང་། རྨང་གཞིའི་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་གནད་དོན་ཐད་གནད་སྨིན་ཤུགས་འདོན་བྱེད་པ་དང་། ཁ་གཏད་ཤིན་སྐྱོར་རྒྱ་ཆེ་རུ་དང་། གཏིང་ཟབ་ཏུ། ཤུགས་ཆེ་རུ་བཅས་གཏོང་རྒྱུའི་ཐད་འབད་བརྩོན་བྱེད་པའི་ཐོག་ནས་ཁ་གཏད་ཤིན་སྐྱོར་གྱི་ཕྱོགས་བསྡུས་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་མཐུན་སྒྲིལ་ཞི་མཐུན་དང་། དར་རྒྱས་སྟོབས་འབྱོར། ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཤིན་ཅང་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་སྟེ། གཅིག་ནི་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་རྒྱུར་དམིགས་ཏེ་དབུལ་སྒྲོལ་འགག་སྒྲོལ་ཡོང་བར་སྐུལ་མ་བཏང་ནས་རོགས་སྐྱོར་དང་ལེན་བྱ་ཡུལ་ལ་དུས་ཐོག་ཏུ་དབུལ་སྒྲོལ་དམིགས་ཚད་མངོན་འགྱུར་ཡོང་བར་སྐུལ་མ་གཏོང་དགོས་པ་དང་། གཉིས་ནི་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལས་ཞུགས་རྒྱ་སྐྱེད་གཏོང་རྒྱུར་དམིགས་ཏེ་ཐོན་ལས་ཤིན་སྐྱོར་ལ་སྐུལ་མ་བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་དེ་བས་མང་བ་ཐག་ཉེ་ས་དང་རང་སར་ལས་ཞུགས་ཐུབ་རྒྱུར་སྐུལ་མ་གཏོང་དགོས་པ། གསུམ་ནི་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་འབོར་གྱི་བྱང་ཚད་ལེགས་སུ་གཏོང་རྒྱུར་དམིགས་ཏེ་སློབ་གསོའི་ཤིན་སྐྱོར་ལ་སྐུལ་མ་བཏང་ནས་སློབ་གསོའི་སྤུས་ཚད་གོང་མཐོར་ཤུགས་ཆེན་གཏོང་དགོས་པ། བཞི་ནི་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕན་འབྲས་ཆེར་གཏོང་ལ་དམིགས་ཏེ་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཤིན་སྐྱོར་ལ་སྐུལ་མ་བཏང་ནས་ཤིན་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་སེམས་ཁུར་ཡག་པོ་བྱེད་པ་དང་། བེད་སྤྱོད་ཡག་པོ་བྱེད་པ། དོ་དམ་ཡག་པོ་བྱེད་པ་བཅས་བྱེད་དགོས་པ། ལྔ་ནི་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ལ་དམིགས་ཏེ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་མ་བཏང་ནས་རིམ་པ་མང་བའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལས་སྟེགས་བསྐྲུན་དགོས་པ། དྲུག་ནི་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རྨང་གཞི་བརྟན་དུ་གཏོང་རྒྱུར་དམིགས་ཏེ་གཞི་རིམ་འཛུགས་སྐྲུན་ལ་སྐུལ་མ་བཏང་ནས་གཞི་རིམ་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།
      ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་ཤིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་པ་རེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། པེ་ཅིང་གྲོང་ཁྱེར། ཧྲང་ཧའེ་གྲོང་ཁྱེར། ཅང་སུའུ་ཞིང་ཆེན། ཀྲེ་ཅང་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད། ཚོགས་ཞུགས་འཐུས་མི་ཚོས་ཀྱང་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་བྱས་པ་རེད།