འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པས་གླིང་ཕྲན་ཕྱེད་ཙམ་གྱི་ཉིང་རྡུལ་གནད་དོན་ཐད་ཀྱི"ཀྲུང་
    གོའི་འགན་འཁྲི་སྨྲ་བ"ཞེས་པ་གླེང་མཚམས་བཞག་ན་བཟང་ཞེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་12ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་11ཉིན། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་གྱི་ཚོགས་འདུའི་ཐོག་ཉེ་ཆར་མི་ཁ་ཤས་ཀྱིས་གླིང་ཕྲན་ཕྱེད་ཙམ་གྱི་ཉིང་རྡུལ་གནད་དོན་ཐད"ཀྲུང་གོའི་འགན་འཁྲི་སྨྲ་བ"ཞེས་པ་འུད་སྒྲོག་དང་འབུར་འདོན་བྱས་པ་དེ་ནི། གླིང་ཕྲན་ཕྱེད་ཙམ་གྱི་ཉིང་རྡུལ་གནད་དོན་ལ་ཁྱོན་ཡོངས་ནས་ཤེས་རྟོགས་ཡང་དག་མེད་པ་དང་། ཡང་ན་དམིགས་ཡུལ་གཞན་དག་བཅངས་པ་དང་འགན་འཁྲི་གཞན་དཀྲི་བྱེད་དགོས་བསམས་པ་རེད་ཅེས་བརྗོད་པ་རེད།
        གསར་འགོད་པ་ཞིག་གིས་ཉེ་ཆར་ཨ་རི་དང་ལྗར་པན་སོགས་ཀྱིས་ཁོ་རེ་ཡ་བྱང་མའི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་ཕྱིར་ཀྲུང་གོས་བག་ཆགས་ལྡན་ནུས་བེད་སྤྱོད་གང་ལེགས་བྱས་ཏེ་འགན་འཁྲི་དེ་བས་ཆེ་བ་འཁུར་བ་དང་། ནུས་པ་འདོན་སྤེལ་དེ་བས་ཆེ་བ་བྱེད་པ། བྱེད་ཐབས་ལག་བསྟར་དེ་བས་མང་བ་བྱེད་པ་བཅས་ཀྱི་སྒོ་ནས་ཁོ་རེ་ཡ་བྱང་མར་གནོན་ཤུགས་དེ་བས་ཆེ་བ་གཏོང་དགོས་པའི་འབོད་སྐུལ་བྱས་པ་དེར་ཀྲུང་གོའི་ཕྱོགས་ཀྱིས་ལན་སློག་རྒྱུ་གང་ཡོད་ཅེས་དྲིས་པ་རེད།
         ཀེང་ཧྲོང་གིས་ཁོ་རེ་ཡ་བྱང་མའི་ཉིང་རྡུལ་གྱི་གནད་དོན་གྱི་སྲོག་ཤིང་ནི་ཁོ་རེ་ཡ་བྱང་མ་དང་ཨ་རིའི་བར་གྱི་འགལ་བ་ཡིན་པ་དང་། དེའི་ངོ་བོ་ནི་བདེ་འཇགས་ཀྱི་གནད་དོན་རེད། ཁོ་རེ་ཡ་བྱང་མའི་ཉིང་རྡུལ་གནད་དོན་གྱི་འགལ་བའི་གནད་འགག་ནི་ཀྲུང་གོའི་ཕྱོགས་མིན་པ་དང་། མིག་སྔའི་གནས་བབ་ཛ་དྲག་ཏུ་རིམ་འཕར་འགྲོ་བར་སྐུལ་འདེད་གཏོང་མཁན་ཡང་ཀྲུང་གོའི་ཕྱོགས་མིན་པས། གླིང་ཕྲན་ཕྱེད་ཙམ་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་རྒྱུའི་ལྡེ་མིག་ཀྱང་ཀྲུང་གོའི་ཕྱོགས་ཀྱི་ལག་ཏུ་མེད་པ་རེད། ཉེ་ཆར་མི་ཁ་ཤས་ཀྱིས་གླིང་ཕྲན་ཕྱེད་ཙམ་གྱི་ཉིང་རྡུལ་གནད་དོན་ཐད་ཀྱི"ཀྲུང་གོའི་འགན་འཁྲི་སྨྲ་བ"ཞེས་པ་འུད་སྒྲོག་དང་འབུར་འདོན་བྱས་པ་དེ་ནི། གླིང་ཕྲན་ཕྱེད་ཙམ་གྱི་ཉིང་རྡུལ་གནད་དོན་ལ་ཁྱོན་ཡོངས་ནས་ཤེས་རྟོགས་ཡང་དག་མེད་པ་དང་། ཡང་ན་དམིགས་ཡུལ་གཞན་དག་བཅངས་པ་དང་འགན་འཁྲི་གཞན་དཀྲི་བྱེད་དགོས་བསམས་པ་རེད་ཅེས་བརྗོད་པ་རེད།
         ཁོང་གིས་དུས་ཡུན་རིང་པོ་ནས་བཟུང་། ཀྲུང་གོའི་ཕྱོགས་ཀྱིས་གླིང་ཕྲན་ཕྱེད་ཙམ་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་ཕྱིར་འབད་བརྩོན་ལྷོད་མེད་བྱས་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ་ནུས་པ་གལ་ཆེན་དང་དགེ་མཚན་ལྡན་པ་འདོན་སྤེལ་བྱེད་བཞིན་ཡོད། གླིང་ཕྲན་ཕྱེད་ཙམ་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ལ་ཀྲུང་གོས་བཞག་པའི་བྱས་རྗེས་ཀུན་གྱིས་མཐོང་གསལ་ཡིན་ལ། ཀྲུང་གོའི་ནུས་པ་ནི་མེད་དུ་མི་རུང་བ་ཞིག་ཀྱང་ཡིན་ཞེས་ས་བསྟན་པ་རེད།
         ཀེང་ཧྲོང་གིས་འདི་དང་དུས་མཚུངས་སུ་གནས་བབ་ཞི་ལྷོད་དུ་གཏོང་བ་དང་གནད་དོན་ཐག་གཅོད་བྱེད་ཆེད་ཕྱོགས་གཞན་དག་ཁག་གིས་ཀྱང་ཁ་གཏད་བྱེད་དགོས་པ་ལས། "བསྐྱུར་ནས་ཡ་མི་བྱེད་པའི་ཚོང་དཔོན"ལྟར་བྱ་མི་རུང་བ་དང་། “ཆུ་བསྒྲལ་ཟམ་འཐེན”བྱ་མི་རུང་ལ། “ལྐོག་ནས་གཏོར་བརླག”དེ་བས་ཀྱང་བྱ་མི་རུང་། གལ་ཏེ་ཀྲུང་གོའི་ཕྱོགས་ཀྱིས་འབད་པ་ལྷོད་མེད་ཀྱིས་མེ་གསོད་ཀྱི་ཡོད་ཀྱང་། མི་ཁ་ཤས་ཀྱིས་མེ་ཐོག་སྣུམ་བླུགས་པ་ཡིན་ན། ཀྲུང་གོའི་ཕྱོགས་ཀྱིས་འབད་པ་ཆེན་པོ་བྱས་ཀྱང་སྔོན་དཔག་གི་ཕན་འབྲས་ཇི་ལྟར་འཐོབ་ཐུབ་པ་དང་། གནས་བབ་ཞི་ལྷོད་དུ་ཇི་ལྟར་གཏོང་ཐུབ་ལ། གླིང་ཕྲན་ཕྱེད་ཙམ་གྱི་ཉིང་རྡུལ་གནད་དོན་ཡང་ཐག་གཅོད་ཇི་ལྟར་བྱེད་ཐུབ་ཅེས་བཤད་པ་རེད།
         ཀེང་ཧྲོང་གིས"ངས་གླིང་ཕྲན་ཕྱེད་ཙམ་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་པར་འབྲེལ་ཡོད་ཕྱོགས་སོ་སོས་མཐུན་སྦྱོར་ངང་གཞོགས་འདེགས་དང་ཐབས་ཇུས་བཅས་ཤུགས་མཉམ་འདོན་བྱེད་དགོས་པའི་ནན་བཤད་ཡང་བསྐྱར་བྱེད་འདོད་ཡོད་ཅིང་། ང་ཚོས་འབྲེལ་ཡོད་ཕྱོགས་སོ་སོ་ཚང་མས་རང་ཉིད་ལ་ཡོད་དགོས་པའི་ནུས་པ་འདོན་སྤེལ་བྱས་ནས་རང་ཉིད་ཀྱིས་འཁུར་དགོས་པའི་འགན་འཁྲི་ཁུར་ཏེ་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཐུན་མོང་ཐོག་གླིང་ཕྲན་ཕྱེད་ཙམ་གྱི་ཉིང་རྡུལ་གནད་དོན་སྔ་ཙམ་གྲོས་མོལ་བྱེད་པར་བརྟེན་ནས་ཞི་བདེ་ངང་ཐག་གཅོད་བྱེད་པའི་སྲོལ་ལམ་ཡང་དག་པའི་ཐོག་ལོག་པར་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱེད་དགོས་པའི་རེ་བ་བྱེད་ཀྱི་ཡོད"ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།