འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ལོ་5ཡི་རིང་ལ་བོད་ཡིག་སློབ་དེབ་རིགས་130ལྷག་ཙམ་སྒྱུར་སྒྲིག་བྱས་ཏེ་
    བོད་ཁུལ་གྱི"སྐད་གཉིས"སློབ་གསོའི་དགོས་མཁོ་བསྐོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་12ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བོད་ཁུལ་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ལོ་5ཡི་རིང་ལ། ཁྱོན་བསྡོམས་བོད་ཡིག་སློབ་དེབ་རིགས་130དང་ཡིག་འབྲུ་ཁྲི་2728.35ལྷག་ཙམ་ཟིན་པ་སྒྱུར་སྒྲིག་བྱས་ཏེ་བོད་རིགས་སློབ་གྲྭ་ཆུང་འབྲིང་3000ལྷག་ཙམ་ལ"སྐད་གཉིས"སློབ་གསོ་སྤེལ་བའི་དགོས་མཁོ་བསྐོངས་པ་རེད།
          མཚོ་སྔོན་མི་རིགས་སློབ་དེབ་སྒྱུར་སྒྲིག་ལྟེ་གནས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྡེ་ཁག་དེས་ལོ་5ཡི་རིང་ལ། ཁྱོན་བསྡོམས་ལོ་དགུའི་འོས་འགན་སློབ་གསོ་དང་མཐོ་འབྲིང་སློབ་གསོ་དཀྱུས་མའི་བོད་ཡིག་སློབ་དེབ་རིགས་130དང་ཡིག་འབྲུ་ཁྲི་2728.35ལྷག་ཙམ་ཟིན་པ་སྒྱུར་སྒྲིག་བྱས་ཡོད་ལ། དེའི་ཁོངས་སུ་རྩིས་དངོས་རྫས་གསུམ་དང་དབྱིན་ཡིག ལུས་རྩལ། མཛེས་རིས་སོགས་ཀྱི་སློབ་ཚན་13དང་འབྲེལ་ཡོད་པ་མ་ཟད། སློབ་དེབ་དང་། དགེ་རྒན་གྱི་སློབ་ཁྲིད་དཔེ་ཆ། སྦྱང་གཞི་ལྷན་ཐབས། གུང་གསེང་གི་སྦྱོང་གཞི། བསླབ་དེབ་ཀྱི་ཚད་ཐིག ཚོད་ལྟའི་སྙན་ཞུ། ས་ཁྲ་ཁ་སྣོན་ལག་དེབ། སློབ་ཚན་གྱི་ཡོ་བྱད་དཔེ་ཆ་སོགས་སློབ་གཞི་རིགས་བརྒྱད་འདུས་ཡོད་པས། མི་རིགས་ཡི་གེའི་སློབ་དེབ་དང་རྒྱ་ཡིག་སློབ་དེབ་ཀྱི"ལྷུ་ལག་ཆ་ཚང་འཛུགས་སྐྲུན་དང་། དུས་མཉམ་དེབ་འདོན། སློབ་ཚན་སྔོན་ལ་དཔེ་ཆ་འབྱོར་བ། མི་རེར་སློབ་དེབ་རེ་ཡོད་པ"བཅས་བྱས་ཡོད་པ་རེད།
          མཚོ་སྔོན་མི་རིགས་སློབ་དེབ་སྒྱུར་སྒྲིག་ལྟེ་གནས་ནི་1970ལོར་བཙུགས་པ་དང་། དུས་རབས་སྔ་མའི་ལོ་རབས་80པའི་དུས་འགོ་ནས་བཟུང་། བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་ཞིང་ཆེན་བཅས་ཀྱི་ཞིང་ལྗོངས་ལྔ་ཡི་མི་རིགས་སློབ་གྲྭ་ཆུང་འབྲིང་གི་བསླབ་ཚན་ཁག་གི་བོད་ཡིག་སློབ་དེབ་མཐུན་སྦྱོར་ངང་སྒྱུར་སྒྲིག་གི་ལས་འགན་ཁུར་ཡོད།
          བོད་ཡིག་སློབ་དེབ་ནི་མི་རིགས་སློབ་གྲྭ་འབྲིང་ཆུང་དུ་བོད་རྒྱ་སྐད་གཉིས་སློབ་གསོ་སྤེལ་བའི་བདེན་དཔང་དང་གཞི་འཛིན་ས་གཙོ་བོ་ཡིན་ལ། དེ་ལ་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཡོད། ལོ་རེའི་དཔྱིད་དུས་དང་སྟོན་དུས་གཉིས་ལ། ང་ཚོའི་སྒྱུར་སྒྲིག་ལྟེ་གནས་ཀྱི་མི་སྣས་རྗེས་འདེད་རྟོག་ཞིབ་གནང་སྟེ་སློབ་ཁྲིད་བྱེད་ཡུལ་དངོས་ལ་ཕྱིན་ནས་སློབ་ཁྲིད་དགེ་རྒན་དང་ཆེད་མཁས་པའི་སློབ་ཁྲིད་བསམ་འཆར་བསྡུ་ལེན་བྱས་ཏེ་སྒྱུར་སྒྲིག་གི་ཡང་དག་རང་བཞིན་དང་དངོས་སྤྱོད་རང་བཞིན་ཆེ་རུ་གཏོང་བཞིན་ཡོད་ཅེས་མཚོ་སྔོན་མི་རིགས་སྒྱུར་སྒྲིག་ལྟེ་གནས་ཀྱི་ཀྲུའུ་རེན་ལིའང་ཐའོ་ཡིས་བརྗོད་པ་རེད།
           དེར་མ་ཟད། མཚོ་སྔོན་མི་རིགས་སློབ་དེབ་སྒྱུར་སྒྲིག་ལྟེ་གནས་ཀྱིས་ད་དུང་བོད་རིགས་སློབ་ཆུང་གི་རྒྱ་ཡིག་ཁ་བརྡ་སློབ་དེབ་དང་། སྐད་གཉིས་དགེ་རྒན་གསོ་སྦྱོང་སློབ་དེབ། བོད་རིགས་སློབ་ལོ་མ་ལོན་པའི་སློབ་གསོའི་སློབ་དེབ་སོགས་སློབ་དེབ་རིགས་20ལྷག་ཙམ་སྒྱུར་སྒྲིག་གསར་འདོན་བྱས་ཡོད་པ་རེད།
           བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ལོ་ངོ་30ཡི་རིང་ལ། མཚོ་སྔོན་མི་རིགས་སློབ་དེབ་སྒྱུར་སྒྲིག་ལྟེ་གནས་ཀྱིས་ཁྱོན་བསྡོམས་བོད་ཡིག་སློབ་དེབ་1800དང་ཡིག་འབྲུ་དུང་ཕྱུར་2ཙམ་སྒྱུར་སྒྲིག་བྱས་ཡོད་ལ། སློབ་དེབ་དག་ནི་ཞིང་ལྗོངས་ལྔ་ཡི་སློབ་གྲྭ་3000ལྷག་ཏུ་ཁྱབ་ཡོད་པས། བོད་རིགས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཁྲི་80ལྷག་ལ་ཕན་པར་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།