འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ཁི་སེ་ཐན་གྱིས་མེ་མདའ་རྒྱག་རེས་ཀྱི་དོན་རྐྱེན་བྱུང་བའི་སྐོར་སླར་ཡང་རྒྱ་གར་གྱི་ཕྱི་
    འབྲེལ་དཔོན་དང་ཐུག་འཕྲད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་10ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་9ཉིན། ཕ་ཁི་སེ་ཐན་ཕྱི་འབྲེལ་པུའུ་ཡིས་ཕ་ཁི་སེ་ཐན་དུ་བཅའ་སྡོད་རྒྱ་གར་གྱི་མཐོ་རིམ་ཆེད་བཏང་མི་སྣ་གཞོན་པ་དང་སླར་ཡང་ཐུག་འཕྲད་བྱས་ནས། ཉིན་གོང་མར་ཕྱོགས་གཉིས་བར་མེ་མདའ་རྒྱག་རེས་ཀྱི་དོན་རྐྱེན་བྱུང་བའི་སྐོར་རྒྱ་གར་ལ་རྒོལ་གཏམ་བཏང་བ་དང་། རྒྱ་གར་ཕྱོགས་ཀྱིས་2003ལོར་བཞག་པའི་མེ་མདའ་རྒྱག་མཚམས་འཇོག་རྒྱུའི་གྲོས་མཐུན་ལ་བརྩི་སྲུང་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
         ཕ་ཁི་སེ་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་དུ་ཚེས་8ཉིན་རྒྱ་གར་གྱི་དམག་དཔུང་གིས་ཀ་སྨིར་དངོས་བཟུང་ས་ཐིག་གི་ཉེ་འདབས་ཕ་ཁི་སེ་ཐན་ཕྱོགས་ཀྱི་གཞོགས་ལ"རྒྱུ་མེད་རྐྱེན་མེད"ངང་མེ་མདའ་བརྒྱབ་པས། ཕ་ཁི་སེ་ཐན་གྱི་མི་སེར་5རྐྱེན་ལམ་དུ་ཤོར་བ་རེད། ཕ་ཁི་སེ་ཐན་ཕྱོགས་ཀྱིས་རྒྱ་གར་ལ་ཐེངས་འདི་དོན་རྐྱེན་དང་མེ་མདའ་རྒྱག་རེས་བྱེད་མཚམས་འཇོག་རྒྱུའི་གྲོས་མཐུན་དང་འགལ་བའི་དོན་རྐྱེན་གཞན་དག་བརྟག་དཔྱད་བྱ་དགོས་པའི་བླང་བྱ་བཏོན་པ་དང་། དེ་དང་དུས་མཚུངས་སུ་རྒྱ་གར་དང་ཕ་ཁི་སེ་ཐན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དམག་དོན་ལྟ་ཞིབ་ཚོགས་ཆུང་གིས་འདུམ་སྒྲིག་གི་ནུས་པ་འདོན་སྤེལ་བྱ་དགོས་པའི་རེ་འབོད་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
         ཚེས་8ཉིན། ཕ་ཁི་སེ་ཐན་གྱི་དམག་གསུམ་གསར་འགྱུར་ཅུས་ཀྱིས་གསལ་བསྒྲགས་ཤིག་གི་ནང་དུ་རྒྱ་གར་གྱི་དམག་དཔུང་གིས་ཀ་སྨིར་དངོས་བཟུང་ས་ཐིག་གི་ཉེ་འདབས་ནས་ཕ་ཁི་སེ་ཐན་ཕྱོགས་ཀྱི་གཞོགས་ལ"རྒྱུ་མེད་རྐྱེན་མེད"ངང་མེ་མདའ་བརྒྱབ་པ་ལས་ཕ་ཁི་སེ་ཐན་གྱི་མི་སེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་མི་3ལ་རྨས་སྐྱོན་ཕོག་པ་རེད། ཕ་ཁི་སེ་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཕ་ཁི་སེ་ཐན་དུ་བཅའ་སྡོད་རྒྱ་གར་གྱི་མཐོ་རིམ་ཆེད་བཏང་མི་སྣ་གཞོན་པ་དང་ཐུག་འཕྲད་བྱས་ནས་རྒོལ་གཏམ་བཏང་ཡོད་ཅེས་བཤད་པ་རེད།
         ཚེས་8ཉིན་རྒྱ་གར་རྒྱལ་སྲུང་པུའུ་ཡི་གཏམ་བཤད་པ་མ་ཉི་ཧྲི·མེ་ཧེ་ཐཱ་ཡིས་ཕ་ཁི་སེ་ཐན་གྱི་དམག་དཔུང་གིས་ཉིན་དེའི་ཞོགས་པར་རྒྱ་གར་གྱིས་བཀག་སྡོམ་བྱེད་པའི་ཀ་སྨིར་ས་ཁུལ་ལ་མེ་མདའ་བརྒྱབ་པས། རྒྱ་གར་གྱི་དམག་དཔུང་གིས་དེ་ལ་རྒོལ་ལན་བསློགས་པ་ཡིན་ཞེས་བཤད་པ་རེད།
         1947ལོར་རྒྱ་གར་དང་ཕ་ཁི་སེ་ཐན་ཁ་གྱེས་དབང་སྒྱུར་བྱས་རྗེས། རྒྱལ་ཁབ་གཉིས་ཀྱིས་ཀ་སྨིར་ས་ཁུལ་འཕྲོག་ལེན་བྱ་ཆེད་དམག་འཁྲུག་ཐེངས་གཉིས་བྱུང་མྱོང་བ་དང་། 2003ལོར། ཕྱོགས་གཉིས་ཀྱིས་ཀ་སྨིར་དངོས་བཟུང་ས་ཐིག་རྒྱུད་དུ་མེ་མདའ་རྒྱག་མཚམས་འཇོག་རྒྱུའི་གྲོས་མཐུན་བཞག་པ་རེད། ཡིན་ནའང་དེའི་རྗེས་སུ་ཕྱོགས་གཉིས་ཀས་སྔར་བཞིན་དུས་རྟག་ཏུ་ཕར་ཕྱོགས་ཀྱིས་མེ་མདའ་རྒྱག་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བ་རེད་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།