འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་སྤྱི་ཚོགས་འགན་སྲུང་གཱ་ཐོག་མ་ཁྲི་65.36
    འགྲེམས་སྤེལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་09ཉིན། 16:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་བོད་རྒྱ་ཡིག་རིགས་གཉིས་ལྡན་པར་མའི་སྤྱི་ཚོགས་འགན་སྲུང་གཱ་ཐོག་མ་ཁྲི་65.36འགྲེམས་སྤེལ་བྱས་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་སྤྱི་ཚོགས་འགན་སྲུང་གཱ་ཐོག་མ་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ལ་སྤྲད་ཅིང་། ཁག་དང་པོར་ཁྲི་7.7སྤྲད་པ་དང་ལྷག་མ་ཁྲི་30ལྷག་ཙམ་ཡུལ་ཤུལ་དུ་གཅིག་རྗེས་གཉིས་མཐུད་ངང་སྤྲོད་རྒྱུ་རེད། ད་ཐེངས་སྤྲད་པའི་བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་སྤྱི་ཚོགས་འགན་སྲུང་གཱ་ལ་སྤྱི་ཚོགས་འགན་སྲུང་གཱ་དང་དངུལ་རྩའི་དངུལ་ཁང་གཱ་ཡི་ནུས་པ་གཉིས་ལྡན་པས་གནས་གཏན་འཁེལ་གྱི་སྨན་ཁང་དང་། སྨན་རྫས་ཚོང་ཁང་། སྒོ་བསྟེན་སྨན་བཅོས་ཁང་(སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ས་ཚིགས)བཅས་སུ་སྨན་བཅོས་འགྲོ་གྲོན་བསྡོམས་རྩིས་དང་དངུལ་ཁང་ནས་དངུལ་སྤོ་སྒྱུར་དང་། འཛད་སྤྱོད། དངུལ་སྨར་ལེན་པ་སོགས་དངུལ་རྩའི་ནུས་པ་ལྡན་ཡོད་པ་རེད། གོམ་སྟབས་རྗེས་མར་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་སྤྱི་འདོམས་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ་ཞབས་ཞུའི་དངུལ་ཁང་དང་འབྲེལ་བ་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་ཞིང་ཆེན་དེ་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་གཱ་བེད་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་བེད་སྤྱོད་ཁྱབ་ཁོངས་དེ་མི་སྤྱི་སྡེ་ཚན་གྱི་ལས་སྒོའི་ཁྱབ་ཁོངས་ཧྲིལ་པོར་རིམ་བཞིན་རྒྱ་ཆེ་རུ་གཏོང་རྒྱུ་དང་ཆབས་ཅིག འཕྲོད་བསྟེན་དང་དམངས་སྲིད་སོགས་དེ་མིན་གྱི་སྲིད་གཞུང་གི་སྤྱི་པའི་ཞབས་ཞུ་བཀོལ་སྤྱོད་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ཡུལ་ཤུལ་དུ་ཐེངས་དང་པོར་སྤྲོད་འགོ་ཚུགས་པ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱིས་མཚོ་ལྷོ་དང་། རྨ་ལྷོ། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་བཅས་སུའང་བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་སྤྱི་ཚོགས་འགན་སྲུང་གཱ་སྤྲད་ཡོད། བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་སྤྱི་ཚོགས་འགན་སྲུང་གཱ་འགྲེམས་སྤེལ་བྱས་པ་དེ་ནི་མཚོ་སྔོན་ཞིང་ཆེན་མི་སྤྱི་ཁོངས་གཏོགས་སུ་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་བྱེད་པའི་བྱ་ཐབས་གལ་ཆེན་གཞན་ཞིག་ཡིན་པ་དེས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་ཞི་མཐུན་སྤྱི་ཚོགས་བསྐྲུན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། འདི་ལོ་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་དང་། རྨ་ལྷོ། ཡུལ་ཤུལ། མགོ་ལོག་རང་སྐྱོང་ཀྲོའུ་བཅས་སུ་བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་སྤྱི་ཚོགས་འགན་སྲུང་གཱ་འགྲེམས་སྤེལ་བྱེད་ཚད་ཁྲི་60ལྷག་ཙམ་ཟིན་ཡོད། མིག་སྔ་བར། མཚོ་སྔོན་ཞིང་ཆེན་དེ་ཡོངས་སུ་རིམ་རྩིས་བྱས་ན། སྤྱི་ཚོགས་འགན་སྲུང་གཱ་ཁྲི་520དང་བོད་རྒྱ་ཡིག་རིགས་གཉིས་ལྡན་པར་མའི་སྤྱི་ཚོགས་འགན་སྲུང་གཱ་ཁྲི་65.36འགྲེམས་སྤེལ་བྱས་ནས་2017ལོའི་ལོ་འཁོར་གྱི་སྤྱི་ཚོགས་འགན་སྲུང་གཱ་བཟོ་བའི་ལས་འགན་སྔ་སྣུར་དུ་ལེགས་སྒྲུབ་བྱུང་སྟེ། མཚོ་སྔོན་ཞིང་ཆེན་དེ་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་95.1%ལ་ཁྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།