འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་རླབས་ཆེའི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་གཏོང་།

    —— རྒྱལ་ཡོངས་ས་གནས་ཁག་གིས་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ་80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་09ཉིན། 16:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཟླ་7ཚེས་7ཉིན་ནི་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ་80འཁོར་བའི་དྲན་གསོའི་ཉིན་མོ་རེད། ཉིན་དེར་འབྲི་ཆུའི་ལྷོ་བྱང་དང་ལྕགས་རི་རིང་པོའི་ཕྱི་ནང་གི་རྒྱལ་ཡོངས་ས་གནས་ཁག་ཏུ་བྱེད་སྒོ་སྣ་ཚོགས་སྤེལ་ནས་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ་80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་རེད།
          གསར་བརྗེའི་བརྗོད་དོན་གཙོ་བོའི་སྙན་ཚིག་གླུ་གཞས་དང་། རི་འགོག་དམག་འཁྲུག་གི་གླུ་གཞས་གྲགས་ཅན། རི་འགོག་དམག་འཁྲུག་བརྗོད་གཞིར་བྱས་པའི་གློག་བརྙན་སྟོན་ཐེངས་དང་པོའི་མཛད་སྒོ་སྤེལ་ཞིང་། ཚེས་7ཉིན། དམག་སྡེ་བརྒྱད་པའི་རི་འགོག་དམག་འཁྲུག་གི་ལོ་རྒྱུས་དངོས་ཕྱོགས་ཡོངས་ནས་མཚོན་པའི་གསར་བརྗེའི་དངོས་མང་རྟེན་རྫས་བཤམས་མཛོད་ཁང་ཆེ་གྲས་ཏེ་དམག་སྡེ་བརྒྱད་པའི་ཐའེ་ཧང་དྲན་གསོ་ཁང་གི་མདུན་དུ་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་དེ་ཧྲན་ཤིས་ཞིང་ཆེན་ཁྲང་ཀྲེ་གྲོང་ཁྱེར་ཝུའུ་ཤང་རྫོང་དུ་སྤེལ་བ་རེད།
         རི་འགོག་དམག་འཁྲུག་སྐབས་ཀྱི་གླུ་གཞས་གྲགས་ཅན་《ཐའེ་ཧང་རི་སྟེང་》ཞེས་པ་གྲགས་པ་ན། ལོ་94ལ་སོན་པའི་རི་འགོག་དམག་འཁྲུག་སྐབས་ཀྱི་དམག་མི་རྒན་གྲས་ལི་ཏེ་ཤིན་གྱིས་རྣམ་འགྱུར་གཟབ་ནན་ངང“དགྲ་བོ་གཏོར་ཆེད་འཐབ་གྲོགས་མང་པོས་རང་སྲོག་བློས་བཏང་ཡོད། ད་ཆའི་འཚོ་བ་བདེ་སྐྱིད་ལྡན་པ་འདི་ལས་སླ་པོར་བྱུང་བ་ཞིག་མིན”ཞེས་བརྗོད།
         དམག་སྡེ་བརྒྱད་པའི་ཐའེ་ཧང་དྲན་གསོ་ཁང་དུ་འཕྲུལ་སྣང་བརྙན་གྲུབ་དང་། འབུར་གཟུགས་མཛེས་ལྗོངས། རེག་ཐུག་བརྙན་ཤེལ་སོགས་ཀྱི་རམ་འདེགས་བྱ་ཐབས་བརྒྱུད་དེ་དམག་སྡེ་བརྒྱད་པས་རི་པིན་བཙན་འཛུལ་བ་དང་དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དངོས་གསོན་ཉམས་དོད་པས་སླར་ཡང་མངོན་པར་བྱས་ཡོད།
         ཧྲེན་དབྱང་གི“དགུ་པའི་བཅོ་བརྒྱད”ལོ་རྒྱུས་དངོས་མང་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བ་རྒྱུན་ཆད་མེད་པ་དང་། དངོས་མང་རྟེན་རྫས་བཤམས་མཛོད་ཁང་སྒོ་འགྲམ་གྱི་ཐང་ཆེན་དུ་སྐར་ལྔའི་དར་དམར་ལྷག་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ། མདེའུ་ཡི་རྗེས་ཤུལ་གྱིས་ཁེངས་པའི་ཡ་ང་བའི་ལོ་རྒྱུས་ཀྱི་རྡོ་རིང་མདུན་དུ་མི་ཚོས་དྲན་རྟེན་པར་བརྒྱབ་པ་དང་ཚང་མའི་ངོ་གདོང་ལས་སྐྱོ་སྣང་དང་གཟི་བརྗིད་ལྡན་པའི་རྣམ་འགྱུར་མངོན། སྤྱི་ཚོགས་ལས་རིགས་ཁག་ནས་ཡོང་བའི་མི་ཚོས་མདེའུ་ཡི་རྗེས་ཤུལ་གྱིས་ཁེངས་པའི་ཡ་ང་བའི་ལོ་རྒྱུས་ཀྱི་རྡོ་རིང་མདུན་དུ་རི་འགོག་དམག་འཁྲུག་ཁྲོད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སོས་པ་ཕུལ་ཏེ་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
          ཚེས་7ཉིན་གྱི་ཆུ་ཚོད་9པ་ཙམ་ལ། ཁྲང་ཁྲུན་མན་ཇུ་རྒྱལ་རྫུས་ཀྱི་གོང་མའི་ཕོ་བྲང་གི་དངོས་མང་རྟེན་རྫས་བཤམས་མཛོད་ཁང་གི་བྱང་ཤར་དགྲ་ལག་ཏུ་ཤོར་བའི་ལོ་རྒྱུས་འགྲེམས་སྟོན་ཁང་གི་མདུན་དུ་ཁྲང་ཁྲུན་སྤྱི་ཚོགས་ལས་རིགས་ཁག་ནས་ཡོང་བའི་མི་གྲངས་2000ཙམ་གྱིས་རི་འགོག་དམག་འཁྲུག་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་སྤུན་ཟླ་ཚོར་མཉམ་དུ་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
          དེ་ཉིན་སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་ཚོ་ད་དུང་མན་ཇུ་རྒྱལ་རྫུས་ཀྱི་གོང་མའི་ཕོ་བྲང་གི་དངོས་མང་རྟེན་རྫས་བཤམས་མཛོད་ཁང་དུ་ཡོང་ནས་ཞི་བའི་ཐང་ཆེན་དུ“བློ་བརྟན་འགྱུར་མེད་ངང་ང་ཡི་ཀྲུང་ཧྭ་ལ་དགའ་ཞེན་བྱེད”ཅེས་པའི་འཕྲེད་འགེལ་ཡི་གེ་བཀལ་ཡོད་པ་དེའི་ཐོག་རང་ཉིད་ཀྱི་མིང་བཀོད་པ་དང་ཆབས་ཅིག དཔའ་བོ་ཚོར་མེ་ཏོག་སོས་པ་ཕུལ་ཏེ་རང་ཉིད་ཀྱིས་སྔོན་གཤེགས་དཔའ་བོར་བཅངས་པའི་བརྩེ་སེམས་མཚོན་པར་བྱས་པ་རེད།
         ཚེས་7ཉིན་གྱི་སྔ་དྲོར། ཧྲང་ཧའེ་ལུང་ཧྭ་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་གི་བྱེད་ནུས་མང་བའི་ཚོམས་ཆེན་དུ་ངར་སྒྲ་དང་དམ་བཅའ་འཇོག་པའི་སྒྲ་ལྷང་ལྷང་དུ་གྲགས་ཤིང་། དེ་གར་ཧྲང་ཧའེ་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་10ཙམ་གྱི་སློབ་མ་བརྒྱ་ཕྲག་གིས་སློབ་གཞིའི་ནང་གི་གསར་བརྗེའི་གཏམ་རྒྱུད་འཁྲབ་སྟོན་བྱས་པ་དང་། སྔོན་གཤེགས་དཔའ་བོ་ཚོར་བླ་ན་མ་མཆིས་པའི་གུས་བཀུར་ཞུ་ལུགས་མཚོན་པར་བྱས་ཡོད།
         དེ་ཉིན་ས་གནས་ཁག་ནས་ཡོང་བའི་ལྷོ་ཕྱོགས་མཚོ་འགྲམ་ས་ཁུལ་གྱི་ཕྱིར་སྡོད་རང་མིའི་འཕྲུལ་ལས་བཟོ་པའི་བུ་རྒྱུད་དང་། རི་འགོག་དམག་འཁྲུག་གི་དམག་མི་རྒན་གྲས། དཔུང་སྡེའི་དཔོན་དམག སློབ་མ། མཐའ་མཚམས་མང་ཚོགས་བཅས་ཀྱི་འཐུས་མི་ཡུན་ནན་ཞིང་ཆེན་རུའེ་ལི་གྲོང་ཁྱེར་ཝན་ཐིང་དཔལ་འབྱོར་གསར་སྤེལ་ཁུལ་དུ་འཛོམས་ནས། ཡུན་ནན་དང་འབར་མའི་གཞུང་ལམ་གྱི“མཐའ་མའི་འགག་གནད”ཀྱི་ལམ་དུམ་བུར་སླར་ཡང་བསྐྱོད་དེ་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ་80འཁོར་བར་དྲན་གསོ་ཞུས་པ་རེད།
         ཀྲུང་གོའི་ཉེ་རབས་དང་དེང་རབས་ལོ་རྒྱུས་དཔྱད་ཡིག་རིག་པ་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཝང་ཅན་ཞོལ་གྱིས་ལོ་རྒྱུས་ནི་བསླབ་གཞི་་ཡག་ཤོས་ཡིན་ལ་རྨོངས་གཉིད་ལས་སད་པའི་སྨན་མཆོག་ཀྱང་ཡིན། ལོ་རྒྱུས་བསྐྱར་དྲན་བྱེད་པ་ནི་ཉེན་བརྡ་རྒྱུན་སྒྲོག་བྱ་རྒྱུ་དེ་རེད། འཛམ་གླིང་ཐོག་གི་ཞི་བདེར་དགའ་པོ་ཡོད་མཁན་ཚང་མས་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་གཏན་ནས་བྱེད་དུ་འཇུག་མི་སྲིད་ལ་ལོ་རྒྱུས་ཀྱི་སྐྱོ་གར་ཡང་བསྐྱར་གཏན་ནས་ཐོན་དུ་འཇུག་མི་སྲིད་ཅེས་བརྗོད་པ་རེད། ༼ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ༽
      

    ཕྱོགས་བསྡུས་གསར་འགྱུར།