འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཞི་བདེ་སྲུང་སྐྱོང་བྱ་གཞག་ལ“གལ་འགངས་ཤིན་ཏུ་ཆེ་བའི”ལེགས་སྐྱེས་ཕུལ་བ།

    —— མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ལཱ་ཁེ་ལུའུ་ཝར་བཅར་འདྲི་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་08ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           ཉེ་སྔོན། མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་ལས་དོན་གྱི་འགན་འཁུར་མཁན་དྲུང་ཆེ་གཞོན་པ་རང—ཕི་ཨའེ་ཨར·ལཱ་ཁེ་ལུའུ་ཝ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཁོང་གིས་ཀྲུང་གོས་ཞི་བདེ་སྲུང་སྐྱོང་བྱ་གཞག་ལ“གལ་འགངས་ཤིན་ཏུ་ཆེ་བའི”ལེགས་སྐྱེས་ཕུལ་ཡོད་ཅེས་བཤད་པ་རེད། ཀྲུང་གོའི་ལེགས་སྐྱེས་ལ་ཚད་མཐོའི་གདེང་འཇོག་བྱས་པ་སྦྲགས། ཁོང་གིས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་མི་སྣའི་བྱང་ཚད་དང་དེ་བཞིན་གོ་མཚོན་གྱི་སྤུས་ཚད་ལ་བསྔགས་བརྗོད་བྱས་པ་རེད།
           བཅར་འདྲི་བྱེད་སྐབས་ལཱ་ཁེ་ལུའུ་ཝ་ཡིས་ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་གཞག་ཐད་མ་དངུལ་མང་ཤོས་གཏོང་མཁན་རྒྱལ་ཁབ་ཨང་གཉིས་པ་དེ་ཡིན་ལ། ཞི་བདེ་སྲུང་སྐྱོང་བྱ་གཞག་ལ་མི་སྣ་གལ་ཆེན་མང་ཤོས་གཏོང་མཁན་རྒྱལ་ཁབ་ཀྱང་ཡིན། མིག་སྔར་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་མི་སྣས་ཁོང་ཀོ་(ཅིན)དང་། ལྷོ་སུའུ་ཏན། མ་ལི་སོགས་རྒྱལ་ཁབ་ཏུ་ཞི་བདེ་སྲུང་སྐྱོང་གི་ལས་འགན་སྒྲུབ་བཞིན་ཡོད་ཅེས་བཤད་པ་རེད།
          མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་གི་ལས་འགན་སྒྲུབ་བཞིན་པའི་མི་སྣ་ཁྱོན་བསྡོམས་2512ཡོད་པའི་ནང་ཉེན་རྟོག་པ་155དང་། དམག་དོན་རིགས་གཅིག་མཁས་ཅན་34 ཞི་བདེ་སྲུང་སྐྱོང་དམག་མི་2323བཅས་ཚུད་ཡོད། ཞི་བདེ་སྲུང་སྐྱོང་ནང་ཞུགས་པའི་ཀྲུང་གོ་ཕྱོགས་ཀྱི་མི་གྲངས་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་གཞན་དག་ལས་མང་བ་ཡོད་པ་མ་ཟད། ད་དུང་ཀྲུང་གོས་མངགས་གཏོང་བྱས་པའི་ཞི་བདེ་སྲུང་སྐྱོང་མི་སྣའི་བྱང་ཚད་ཀྱང་མཐོ་པོ་ཡོད། མིག་སྔར་ཀྲུང་གོ་ཕྱོགས་ཀྱིས་འཐབ་འཛིང་དཔུང་སྡེ་གཏོང་འགོ་ཚུགས་པ་དེར་དོན་སྙིང་ཐུན་མོང་མ་ཡིན་པ་ཞིག་ལྡན་ཡོད།
          ལཱ་ཁེ་ལུའུ་ཝ་ཡིས་འདི་ལོའི་ཟླ་4ཚེས་1ཉིན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་ལས་དོན་གྱི་དཔོན་རིགས་གཙོ་བོའི་འགན་འཁུར་བ་དང་། འདི་ལོའི་ཟླ་གསུམ་པར་ཁོང་གིས་ལྷོ་སུའུ་ཏན་གྱི་རྒྱལ་ས་ཀྲུའུ་པར་འཚམས་འདྲི་བྱས་ནས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་མི་སྣའི་ཉམས་འགྱུར་མཐོང་བ་རེད། ལཱ་ཁེ་ལུའུ་ཝ་ཡིས“ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དམག་མིའི་བྱང་ཚད་ལས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་བ་སྟེ། བྱང་ཚད་མཐོ་བའི་དམག་མི་དང་སྤུས་ཚད་མཐོ་བའི་གོ་མཚོན་ནི་འཛམ་གླིང་ཐོག་ཡག་ཤོས་རེད་ཅེས་བརྗོད་ཆོག ཀྲུང་གོས་ཞི་བདེ་སྲུང་སྐྱོང་བྱ་གཞག་ལ་ལེགས་སྐྱེས་ཕུལ་བའི་སྐོར་ལ་བསྔགས་བརྗོད་ཆེན་པོ་བྱེད་རིན་འདུག”ཅེས་བཤད་པ་རེད།
          2015ལོར་ཀྲུང་གོས་དུས་ཡུན་ལོ་10དང་མ་དངུལ་བསྡོམས་འབོར་ཨ་སྒོར་དུང་ཕྱུར་10རི་བའི་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་དབར་གྱི་ཞི་བདེ་དང་འཕེལ་རྒྱས་ཐེབས་རྩ་འཛུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་ནུས་པ་བཀའ་སྒུག་ལམ་སྲོལ་གསར་པའི་ནང་འཛུལ་བ་དང་འབྲེལ། མི་8000ཡོད་པའི་ཞི་བདེ་སྲུང་སྐྱོང་གི་བཀའ་སྒུག་དཔུང་སྡེ་ཞིག་འཛུགས་སྐྱོང་ཡང་བྱས་པ། རྒྱལ་ཁབ་ཁག་ལ་ཞི་བདེ་སྲུང་སྐྱོང་མི་སྣ་2000གསོ་སྦྱོང་བྱས་པ། ཨ་ཧྥེ་རི་ཁ་མནའ་འབྲེལ་ལ་མ་དངུལ་བསྡོམས་འབོར་ཨ་སྒོར་དུང་ཕྱུར་1རི་བའི་སྐྱིན་ཚབ་མི་དགོས་པའི་དམག་དོན་རོགས་སྐྱོར་སོགས་བྱས་ཡོད་པ་རེད།
          ལཱ་ཁེ་ལུའུ་ཝ་ཡིས་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་ནུས་པའི་བཀའ་སྒུག་ལམ་སྲོལ་ལ་ཁས་ལེན་བྱས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས“སྙིང་དབུས་ནས་ཐུགས་རྗེ་ཆེ”ཞུས་པ་དང་ཁོང་གིས“ང་ཚོས་ཀྲུང་གོའི་དམག་དཔུང་དགོས་ངེས་ཀྱི་ས་ཆ་གང་རུང་ལ་འཕྲལ་དུ་བཀོད་སྒྲིག་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་གྲ་སྒྲིག་གནང་རོགས་ཞུ་རྒྱུ་ཡིན”ཞེས་བཤད་པ་རེད།
          མཉམ་འབྲེལ་རྒྱལ་ཚོགས་ལ་དམག་དཔུང་མེད་པས་ངེས་པར་དུ་ཁོངས་མིའི་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཞི་བདེ་སྲུང་སྐྱོང་གི་ལས་འགན་ལེགས་སྒྲུབ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་དགོས་ཀྱི་ཡོད། 2015ལོའི་ཟླ་6པའི་བར་རྒྱལ་ཁབ་122ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་ལས་འགན་ནང་དམག་དོན་མི་སྣ་དང་ཉེན་རྟོག་པ་བཏང་ཡོད།
          ལཱ་ཁེ་ལུའུ་ཝ་ཡིས་མིག་སྔའི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་དེ་དམག་མཚམས་འཇོག་རྒྱུར་ལྟ་སྐུལ་བྱེད་པ་ནས་མི་སེར་སྲུང་སྐྱོབ་དང་། དེ་གོང་གི་འཐབ་འཛིང་མི་སྣའི་དྲག་ཆས་ཕྱིར་འཐེན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། ཁྲིམས་སྐྱོང་སྲུང་སྐྱོབ། རང་དབང་དང་འདྲ་མཉམ་གྱི་འདེམས་བསྐོར་རྒྱབ་སྐྱོར། ས་འོག་འབར་མདེལ་གྱི་ཉེན་ཁ་ཉུང་དུ་གཏོང་གང་ཐུབ་བྱེད་པ་སོགས་བར་ལས་ཀ་མང་དུ་ཕྱིན་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
          ལཱ་ཁེ་ལུའུ་ཝ་ཡིས“གོང་དུ་བརྗོད་པའི་ཁྱབ་ཁོངས་དེ་དག་ནང་ཀྲུང་གོས་ཉིན་རེ་བཞིན་ནུས་པ་གལ་ཆེན་འདོན་བཞིན་ཡོད”ཅེས་ནན་བཤད་བྱས་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཅན་ཀང་གིས། 
      

    ཕྱོགས་བསྡུས་གསར་འགྱུར།