འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་ལྷོ་རྒྱུད་དུ་དྲག་ཆར་བབས་པ་ལས་ཞིང་ཆེན་བརྒྱད་ཀྱི་མི་ཁྲི་སྟོང་ལྷག་ལ་གནོད་འཚེ་ཕོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་06ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་དུས། དྲག་ཆར་བསྟུད་མར་བབས་པའི་རྐྱེན་གྱིས་ཨན་ཧུའེ་དང་། ཅང་ཞི། ཧུའུ་པེ། ཧུའུ་ནན། ཀོང་ཞི། ཁྲུང་ཆིང་། སི་ཁྲོན། ཀུའེ་ཀྲོའུ་སོགས་ཞིང་ཆེན་དུ་ཆུ་ལོག་དང་ཞོད་སྐྱོན། རི་ཉིལ་བ། རླུང་འཚུབ་སེར་བའི་གནོད་འཚེ་བྱུང་བ་རེད། ཟླ་7ཚེས་3ཉིན་གྱི་ཆུ་ཚོད་9:00བར་དུ་བསྡོམས་རྩིས་བྱས་ན། གོང་བརྗོད་ཞིང་ཆེན་བརྒྱད་ཀྱི་གྲོང་ཁྱེར་(རང་སྐྱོང་ཁུལ)48དང་། རྫོང་(གྲོང་ཁྱེར་དང་ཆུས)238ཀྱི་མི་གྲངས་ཁྲི་956.4ལ་གནོད་འཚེ་ཕོག་ནས་མི་33རྐྱེན་ལམ་དུ་ཤོར་བ་དང་། མི་15གར་སོང་ཆ་མེད་དུ་གྱུར་པ། ལོ་ཏོག་ལ་གནོད་ཚེགས་ཐེབས་པའི་རྒྱ་ཁྱོན་སྟོང་སྤྱི་ཆིང་668.2ཟིན་ཡོད་ལ། དེའི་ནང་ལོ་ཏོག་བསྡུ་རྒྱུ་གང་ཡང་མེད་པའི་ས་ཞིང་སྟོང་སྤྱི་ཆིང་100.8ཟིན་པ། སྡོད་ཁང་ཁྲི་1.9རྡིབ་ལོག་བྱུང་ལ། སྡོད་ཁང་ཁྲི་18.9ལ་ཚད་མི་འདྲ་བའི་གནོད་སྐྱོན་ཐེབས་པ་བཅས་ལས་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་118.9བྱུང་བ་རེད།
          ཟླ་6ཚེས་29ཉིན་ནས་བཟུང་། རང་རྒྱལ་གྱི་ལྷོ་ནུབ་དང་། འབྲི་ཆུའི་ལྷོ་རྒྱུད། ཀོང་ཞི་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་བབས་ཤིང་། ཐེངས་འདི་དྲག་ཆར་ནི་དེ་སྔོན་དྲག་ཆར་འབབ་ཁུལ་དུ་བསྐྱར་དུ་བབས་པས། གནོད་འཚེ་ཐོག་གནོད་འཚེ་བརྩེགས་པའི་གནས་ཚུལ་མངོན་གསལ་བྱུང་བ་རེད།
           ཟླ་7ཚེས་3ཉིན། ཀྲུང་དབྱང་ནོར་སྲིད་ཀྱིས་འཕྲལ་མྱུར་དུ་ཧུའུ་ནན་དང་། ཅང་ཞི། ཀུའེ་ཀྲོའུ། ཀྲེ་ཅང་སོགས་ཞིང་ཆེན་(རང་སྐྱོང་ལྗོངས)20ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་18.8གཤམ་གཏོང་བྱས་ཤིང་། དེའི་ནང་དུ་རང་བྱུང་གནོད་འཚེ་ཕོག་པར་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་7བཏང་ནས་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་ཀྱིས་གེགས་ཁུལ་གནོད་ཐེབས་མང་ཚོགས་འཕྲལ་མྱུར་གནས་སྤོ་བདེ་འཁོད་དང་། བར་བརྒལ་རང་བཞིན་གྱི་འཚོ་བའི་ཁ་གསབ་རོགས་སྐྱོར། རྡིབ་ལོག་སྡོད་ཁང་སླར་གསོ་བསྐྱར་སྐྲུན། གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་སེམས་གསོ་བྱེད་དངུལ་སྤྲོད་པ་སོགས་ཀྱི་གནོད་སེལ་འགྲོ་གྲོན་དུ་གཏོང་རྒྱུ་དང་། ཆུ་ལོག་དང་ཐན་སྐྱོན་ཆེས་ཆེ་བ་འགོག་བཅོས་དང་ཞིང་ལས་ཐོན་སྐྱེད་ཀྱི་གནོད་སེལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་11.8བཏང་སྟེ་འབྲུབ་འགོག་གེགས་སེལ་དང་། ཆུས་བརླག་པའི་ཆུ་བེད་སྒྲིག་བཀོད་བསྐྱར་གསོ། ཞིང་ལས་ཐོན་སྐྱེད་ཀྱི་གནོད་སེལ། གེགས་རྗེས་ཐོན་སྐྱེད་སླར་གསོ་སོགས་སུ་གཏོང་རྒྱུ་རེད།
          ཟླ་7ཚེས་3ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཡང་བསྐྱར་བརྡ་ཁྱབ་བཏང་སྟེ། ཧུའུ་པེ་དང་། ཧུའུ་ནན། ཅང་ཞི། ཨན་ཧུའེ། ཅང་སུའུ་བཅས་ཞིང་ཆེན་གྱི་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་དང་འབྲི་ཆུའི་འབྲུབ་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ལ་སྐོར་ཞིབ་འགོག་སྲུང་ལས་འགན་འཁྲི་སྒྲུབ་མཐའ་གཅིག་ཏུ་བརྟན་པོ་བྱ་དགོས་པ་དང་། ཆུ་ཚོད་24ཡི་རིང་ཟམ་མ་ཆད་པར་སྐོར་ཞིབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་འབྲི་ཆུའི་གཞུང་རྒྱུན་དང་། ཏུང་ཐིན་མཚོ་མོ། པོ་དབྱང་མཚོ་མོ་བཅས་ཀྱི་ཆུ་རགས་ཆུ་བཀག་དང་། གཙོ་གནད་ས་ཁུལ་དུ་འགོག་སྲུང་དང་ཉེན་ཡོད་གནས་ཚུལ་ཐག་གཅོད་ལེགས་པར་བྱས་ཏེ་རགས་ཁ་བདེ་འཇགས་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
          མིག་སྔར། འབྲི་ཆུའི་འབྲུབ་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། ཧུའུ་ནན། ཧུའུ་པེ། ཅང་ཞི། ཨན་ཧུའེ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་འབྲུབ་འགོག་Ⅱརིམ་པའི་འཕྲལ་བསྟུན་བྱ་ཐབས་ལག་ལེན་བསྟར་འགོ་ཚུགས་པ་དང་། ཀྲུའུ་ཅང་གཙང་པོའི་འབྲུབ་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་ཀོང་ཞི་གཉིས་ཀྱིས་འབྲུབ་འགོག་Ⅲརིམ་པའི་འཕྲལ་བསྟུན་བྱ་ཐབས་ལག་བསྟར་བྱེད་འགོ་ཚུགས་པ། ཅང་སུའུ་ཡིས་འབྲུབ་འགོག་Ⅳརིམ་པའི་འཕྲལ་བསྟུན་བྱ་ཐབས་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་རེད། ཐོག་མའི་བསྡོམས་རྩིས་ལྟར་ན། མིག་སྔར་ཧུའུ་ནན་དང་། ཧུའུ་པེ། ཅང་ཞི། ཨན་ཧུའེ་སོགས་ཞིང་ཆེན་གྱི་རགས་ཁ་སྐོར་ཞིབ་འགོག་སྲུང་དང་ཉེན་ཁ་མྱུར་སེལ་མི་སྣ་ཁྲི་32.69ཟིན་ཡོད་ལ། དེའི་ནང་ཧུའུ་ནན་ཞིང་ཆེན་དུ་འབྲུབ་འགོག་དམག་དམངས་ཁྲི་27.39ཡོད་པ་རེད།
             ཟླ་7ཚེས་3ཉིན་གྱི་སྔ་དྲོར། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་གཞུང་ལས་ཁང་གིས་ཀྲུང་དབྱང་འབྲུབ་འགོག་དངོས་རྫས་སྒུལ་བདེའི་ཆུ་འཐེན་འཕྲུལ་འཁོར་10དང་། ཁུག་མ་ཁྲི་50 ཚོན་ཁྲ་ཅན་གྱི་རས་སྨི་གྲུ་བཞི་མ་ཁྲི་50བཅས་གཏོང་འགྲེམ་བྱས་ཏེ་ཧུའུ་ནན་ཞིང་ཆེན་གྱི་འབྲུབ་འགོག་གནོད་སེལ་ལ་འཕྲལ་མྱུར་རོགས་སྐྱོར་བྱས་པ་རེད། མིག་སྔར། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་ལས་དོན་ཚོགས་ཆུང་དང་ཆེད་མཁས་པའི་ཚོགས་ཆུང་10ཡིས་ལྷོ་ཕྱོགས་ཀྱི་འབྲུབ་འགོག་འཐབ་ཕྱོགས་མདུན་སར་ས་གནས་ཀྱིས་འབྲུབ་འགོག་ལས་དོན་སྤེལ་བར་རོགས་རམ་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།