འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།དར་གོས་ལམ་བུའི་གནའ་དེང་གི་ཆགས་སྟངས། 

    ཨུ་ཤིན་ཧྭ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་03ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           “དར་གོས་ལམ་བུ”ནི་གནའ་བོའི་མིའི་རིགས་ཀྱི་ཤེས་རིག་ས་ཁོངས་ཆེ་གྲས་ཁག་གི་ལྟེ་བའི་རིག་གནས་སྐྱེད་སྲིང་དང་། འཕེལ་རྒྱས། གྲུབ་པ་བཅས་ཀྱི་བརྒྱུད་རིམ་ཁྲོད་ཐག་གཅོད་རང་བཞིན་གྱི་སྤེལ་རེས་དང་ཟུང་འཇུག་ནུས་པ་ཐོན་ནས་ཤེས་རིག་ཁག་གྲུབ་པ་དང་དེང་རབས་ཤེས་རིག་གི་རྨང་གཞིར་སྐུལ་འདེད་གཏོང་བའི་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ཤར་ནུབ་ཀྱི་གནའ་བོའི་འགྲིམ་འགྲུལ་ལམ་ཐིག་ཅིག་ཡིན།
          ཀྲུང་གོའི་ཤེས་རིག་གི་དར་གོས་ལམ་བུའི་གདོད་མའི་རང་བཞིན།
         ང་ཚོས་མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་ཆགས་པ་ནས་བཟུང་གི་ས་ཁོངས་ཁག་གི་རིག་གནས་གཞི་ཁྱོན་ཆེན་པོའི་ངང་མཉམ་འདྲེས་དང་འཕེལ་རྒྱས་བརྒྱུད་བཞིན་ཡོད་པ་ལྟར་མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་འགྲོ་བའི་ཐོག་མར་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་གནའ་བོའི་ཤེས་རིག་ཐད་དེང་རབས་ཤེས་རིག་གི་གྲུབ་འབྲས་ལྟ་བུའི་འཛམ་གླིང་གི་བརྒྱུད་སྤེལ་མ་ལག་ཅིག་ཆགས་ཡོད། སྔ་དུས་ཀྱི་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ས་ཁོངས་ཁག་གི་ཤེས་རིག་གཙོ་བོ་ནི་ཕན་ཚུན་རིག་གནས་སྤེལ་རེས་དང་། ཤུགས་རྐྱེན། ཟུང་འཇུག་བཅས་ལས་འཕེལ་རྒྱས་བྱུང་བ་དང་འཛམ་གླིང་རང་བཞིན་གྱི་ས་ཁོངས་ལས་བརྒལ་བའི་སྤེལ་རེས་དང་མཉམ་ལས་ཀྱང་གྲུབ་ཡོད།
          ཤེས་རིག་འཕེལ་རྒྱས་ཀྱི་ཐོག་མའི་དུས་མཚམས་ནས་བལྟས་ན། འབྲུ་རིགས་སྣ་ལྔ་འདེབས་འཛུགས་དང་། ཁྱིམ་ཕྱུགས་འདུལ་གསོ། རྫ་ཆས་བཟོ་བ། གསེར་བཙོ་སྦྱང་ལག་རྩལ་སོགས་ཀྱང་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་དམིགས་འཛུགས་ཁུལ་ཞིག་ནས་འབྱུང་བ་ཞིག་མ་ཡིན་པར་ས་ཁོངས་མང་པོ་དང་། ས་གནས་མང་པོ། འབྱུང་ཁུངས་མང་པོ་བཅས་ལ་བརྟེན་ནས་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ས་ཁོངས་ཧྲིལ་པོའི་ནང་རྒྱ་ཁྱབ་ངང་དར་བ་དང་ཤེས་རིག་ལྡན་པའི་ས་ཁུལ་ཁག་ཕན་ཚུན་སློབ་སྦྱོང་བྱེད་པའི་དཔྱད་གཞིར་འཛིན་པ་དང་ས་ཁོངས་ཤེས་རིག་རང་ངོས་ཀྱི་རིག་གནས་ཁྱད་ཆོས་རྨང་གཞིར་བྱས་ཏེ་ཤེས་རིག་ས་ཁོངས་མི་འདྲ་བ་གཞན་དག་དང་རིག་གནས་སྣ་མང་གི་གྲུབ་འབྲས་མཉམ་འདྲེས་བྱས་ཏེ་རང་སོ་སོར་འཕེལ་རྒྱས་སོང་བའི་འབྲས་བུ་ཞིག་རེད།
         ཨེ་ཤེ་ཡ་ཤར་མ་(ཀྲུང་གོ)དང་། ཨེ་ཤེ་ཡ་ལྷོ་མ(རྒྱ་གར) ཨེ་ཤེ་ཡ་དབུས་རྒྱུད(ཁུ་ནུ་རི་བོའི་རྒྱུད་དང་། ཕ་སྨིར་ས་མཐོ། ཐེན་ཧྲན་རི་རྒྱུད་སོགས) ཨེ་ཤེ་ཡ་ནུབ་མ(ཏི་ཀེ་ལི་སི་ཆུ་བོ་འབབ་རྒྱུད་དང་། ཡིའུ་ཧྥ་ལ་ཏི་ཆུ་བོ་འབབ་རྒྱུད། དབྱི་རན་ས་མཐོ་སོགས) ས་དབུས་རྒྱ་མཚོ(ཀེ་རི་སི་དང་རོ་མ) ཨ་ཧྥེ་རི་ཁ་བྱང་མ་(གནའ་བོའི་ཨེ་ཅིབ)བཅས་ནི་བར་ཐག་ལེ་དབར་ཁྲི་ཡིས་ཆོད་པའི་ས་ཁམས་རང་ཚུགས་ཚན་པ་ཞིག་ཡིན་ལ་ཤེས་རིག་འཕེལ་རྒྱས་འགྲོ་བའི་ལྟེ་གནས་ས་ཁོངས་མི་འདྲ་བ་ཞིག་དང་མེད་དུ་མི་རུང་བའི་ཐེ་ཞུགས་ས་ཁོངས་ཤིག་ཡིན། མིའི་རིགས་ཀྱི་སྔ་དུས་ཀྱི་གནའ་བོའི་ཤེས་རིག་གི་རང་སོ་སོའི་འཕེལ་རྒྱས་དང་རྒྱུན་འཛིན་ཚང་མ་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ཡངས་པའི་ས་ཁམས་གླིང་གི་སྐམ་སའི་འགྲིམ་འགྲུལ་ལམ་ཐིག་དང་ས་ཁོངས་དེར་བརྟེན་ནས་འཕེལ་རྒྱས་དང་མངོན་འགྱུར་བྱུང་བ་ཞིག་རེད།
          དར་གོས་ལམ་བུ་འབྱུང་རྐྱེན་ནི་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ཤེས་རིག་ས་ཁོངས་གཞན་དག་དང་ཨེ་ཤེ་ཡ་ཤར་མའི་ཤེས་རིག་ལྟེ་གནས་ཡིན་པའི་གནའ་བོའི་ཀྲུང་གོའི་འགྲིམ་འགྲུལ་སྦྲེལ་མཐུད་ཅིག་ཡིན་པས་རེད། ཞིབ་ཕྲ་བརྗོད་ན། འཛམ་གླིང་གི་ཐོག་མའི་ཤེས་རིག་ས་ཁོངས་ནི་ཨེ་ཤེ་ཡ་ཤར་མའི་ཀྲུང་གོའི་ཤེས་རིག་དང་། ཨེ་ཤེ་ཡ་ནུབ་མའི་མེ་སུའོ་པུ་ཏ་སྨི་ཡའི་ཤེས་རིག ཨ་ཧྥེ་རི་ཁའི་ཨེ་ཅིབ་ཀྱི་ཤེས་རིག ཨེ་ཤེ་ཡ་ལྷོ་མའི་ཕྱེད་གླིང་གི་ཧིན་རྡུ་ཆུ་བོའི་ཤེས་རིག ཡོ་རོབ་ཀྱི་ས་དབུས་རྒྱ་མཚོའི་ཤེས་རིག་བཅས་ཡིན། འབྲེལ་ཡོད་ཞིབ་འཇུག་བྱས་པ་ལས་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོར་སྔ་དུས་སུ་ཤེས་རིག་ལྟེ་གནས་ས་ཁུལ་གཉིས་ལས་མེད་པ་སྟེ། གཅིག་ནི་ཀྲུང་གོ་ཡིན་པ་དང་ཧ་ལམ་ལོ་ཁྲི་གཅིག་གི་གོང་ནས་འགོ་བཙུགས་པ་དང་། གཅིག་ཤོས་ནི་ཧ་ལམ་དུས་རབས་གཅིག་མཚུངས་ཡིན་པའི་ཨེ་ཤེ་ཡ་ནུབ་མའི་མེ་སུའོ་པུ་ཏ་སྨི་ཡ་ནས་འགོ་བཙུགས་པ་རེད།
         ཤེས་རིག་དེ་གཉིས་པོའི་ལྟེ་བའི་ནང་དོན་རྦད་དེ་མཚུངས་ཀྱི་མེད་པ་སྟེ། ཨེ་ཤེ་ཡ་ཤར་མའི་ཞིང་ལས་དེ་ཁྲེ་དང་ཆུ་འབྲས་འདེབས་འཛུགས་བྱེད་པ་དང་ཕག་པ་དང་ཁྱི་འདུལ་གསོ་གཙོ་བོར་བྱེད་པ་དང་། ཨེ་ཤེ་ཡ་ནུབ་མར་གྲོ་དང་ཡུག་པོ་འདེབས་འཛུགས་བྱེད་པ་དང་བ་གླང་འདུལ་གསོ་གཙོ་བོར་བྱེད་ཀྱི་ཡོད། ཆེས་སྔ་ཤོས་ཀྱི་དར་གོས་ལམ་བུ་ནི་ད་བར་ལོ་ཁྲི་གཅིག་གི་སྔ་རྗེས་ཀྱི་ཨེ་ཤེ་ཡ་ཤར་མ་དང་ཨེ་ཤེ་ཡ་ནུབ་མའི་སྔ་དུས་ཀྱི་ཞིང་ལས་རིག་གནས་འཛམ་གླིང་དུ་དལ་བུར་ཁྱབ་པ་ཡིན་སྟབས་ཀྲུང་གོའི་ཤེས་རིག་ལ་དར་གོས་ལམ་བུའི་གདོད་མའི་རང་བཞིན་གསལ་པོ་ཡོད་པ་དང་འགོ་འཛུགས་ས་དེའང་མིའི་རིགས་ཀྱི་ཤེས་རིག་གི་མཐོ་ས་ནས་ཡིན།
         ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ཞིང་ལས་ལྟེ་བའི་ས་ཁུལ་གཉིས་ཀྱི་བར་དུ་རྒྱ་ཁྱོན་ཆེ་བའི་ཐང་རྒོད་ལྗང་གླིང་དང་རྩྭ་ཐང་ཁུལ་ཞིག་ཡོད་པ་དེ་ལས་ཀྲུང་གོའི་ཤེས་རིག་དང་མེ་སུའོ་པུ་ཏ་སྨི་ཡའི་ཤེས་རིག་འབྲེལ་མཐུད་བྱས་ཡོད། རྒྱལ་སྤྱིའི་རིག་གཞུང་ལས་རིགས་ཀྱི་ལྟ་བ་གཙོ་བོ་ནི་གོང་གསལ་ཀྱི་རིག་གནས་མ་ལག་གཉིས་པོས་འཛམ་གླིང་ཤེས་རིག་གི་སྔ་དུས་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་བ་དང་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའམ་ཡང་ན་གནའ་བོའི་འཛམ་གླིང་གི་ལོ་རྒྱུས་ཁྲོད་ཀྲུང་གོའི་ཡ་ཐོག་ལོ་རྒྱུས་ལ་སྙིང་དོན་ཟབ་མོ་ཡོད་པ་སྨོས་མེད་རེད།
         དར་གོས་ལམ་བུའི་ཁྲོད་ཤིན་ཅང་གིས་གནས་བབ་གལ་ཆེན་བཟུང་བ།
         དར་གོས་ལམ་བུར་འཛམ་གླིང་གི་གནའ་བོའི་ཤེས་རིག་ས་ཁོངས་ཁག་དབར་གཡོལ་ཐབས་མེད་པའི་རིག་གནས་སྤེལ་རེས་ཀྱི་བགྲོད་ལམ་འབའ་ཞིག་ཡོད་པ་དེ་ནི་གནའ་བོའི་ནུབ་ཡུལ་སྟེ་ད་ལྟའི་ཤིན་ཅང་ཡིན་པ་རེད།
         ཤིན་ཅང་གི་གནས་བབ་གལ་ཆེན་ནི་དང་ཐོག་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་རང་བྱུང་ས་ཁམས་ཀྱི་ཁོར་ཡུག་ལས་ཐག་གཅོད་བྱས་ཡོད། ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ས་བབ་ཆགས་སྟངས་ལས་ཕ་སྨིར་ས་མཐོའི་ལྷོ་རྒྱུད་དང་ཁེ་ལ་ཁུ་ནུ——མཚོ་བོད་ས་མཐོ་དང་ཚ་རྒྱུད་ནགས་ཚལ་སོགས་རང་བྱུང་འགལ་རྐྱེན་གྱིས་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་གནའ་བོའི་གཞི་ཁྱོན་ཆེ་བའི་སྐམ་ལམ་ཤར་ནུབ་ཕྱོགས་ཀྱི་མི་ཚོགས་གནས་སྤོ་དང་ཚོང་དོན་ཟོག་འགྲེམས་བྱ་སྤྱོད་ལ་རྦད་དེ་ཚོད་འཛིན་ཐེབས་པ་དང་ཕ་སྨིར་ས་མཐོའི་བགྲོད་ལམ་དང་ཁུ་ནུ་རི་བོའི་བྱང་རྒྱུད་བགྲོད་ལམ་ཁོ་ན་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་དབུས་རྒྱུད་ལྷོ་སྣེའི་བགྲོད་ལམ་ཆེ་མོ་འབའ་ཞིག་ཏུ་འགྱུར་བ་དང་། བྱང་ནས་ཤར་ནུབ་ཏུ་བསྐྱོད་པའི་ཐེན་ཧྲན་རི་བོ་དང་ཨར་ཐེ་རི་བོའི་རྒྱུད་གཉིས་བགྲོད་ལམ་ཁུལ་ཆེན་པོ་གཉིས་པ་དང་གསུམ་པར་གྱུར་བ། ཨར་ཐེ་རི་བོའི་བྱང་རྒྱུད་ནི་གྲང་ངར་ཆེ་བའི་ཤིས་པོ་ལི་ཡ་གྲང་ཁུལ་ཡིན་པས་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ཁུལ་གྱི་གནའ་བོའི་མིའི་རིགས་གཞི་ཁྱོན་ཆེན་པོས་ཤར་ནས་ནུབ་ཏུ་འགྲོ་སྐྱོད་བྱ་རྒྱུར་ཡོངས་སུ་འཕྲོད་ཀྱི་མེད་པ་གསལ་པོ་མཐོང་ཐུབ་ཀྱི་ཡོད། དེ་ལྟར་ན་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་དབུས་རྒྱུད་ས་ཁུལ་གྱི་ས་ཁོངས་ཁྲོད་གནའ་བོའི་ཤིན་ཅང་འདི་ཉིད་ཁོ་ན་ཤར་ནས་ནུབ་ཕྱོགས་སུ་ཀྲུང་གོ་དང་ཤེས་དཔལ་ས་ཁོངས་གཞན་དག་སྦྲེལ་མཐུད་བྱེད་པའི་བགྲོད་ལམ་དུ་གྱུར་ཡོད།
         གཞན་ཡང་། ཐེན་ཧྲན་རི་བོ་ནི་གནའ་བོའི་དར་གོས་ལམ་བུའི་ཤིན་ཅང་གི་ཚོང་དོན་དང་ཟོག་འགྲེམས་བགྲོད་ལམ་ཆེ་ཤོས་དང་གལ་ཆེ་ཤོས་ཡིན་པ་དང་། གནའ་རབས་ནས་ནུབ་ལྗོངས་ལོ་རྒྱུས་ཀྱི་ཐོག་མའི་རིག་གནས་ཚང་མ་ཁྱབ་ས་དང་ཤུགས་རྐྱེན་ཐེབས་ཁུལ་ཡིན་པ་མ་ཟད། ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ལོ་རྒྱུས་ཀྱི་དོན་རྐྱེན་འགངས་ཆེན་ཚང་མ་དང་འབྲེལ་བ་ཡོད་པའི་ས་ཁུལ་དང་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་གཞི་ཁྱོན་ཆེ་བའི་མི་ཚོགས་གནས་སྤོ་དང་རིག་གནས་བརྒྱུད་སྤེལ་བྱེད་སྒོ་སྤེལ་བར་བརྒྱུད་དགོས་ངེས་ཀྱི་ལམ་བུའང་ཡིན།
          ད་ཆ་ཤིན་ཅང་ལ་སྔར་བཞིན་གནའ་བོའི་ནུབ་ལྗོངས་གྱི་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ཤར་ནུབ་འགྲིམ་འགྲུལ་གྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་ཚང་མ་ཡོད་པ་དང་དེ་ནི་ཀྲུང་གོའི“དར་གོས་ལམ་བུའི་དཔལ་འབྱོར་བརྒྱུད”ཀྱི་ཤར་ནས་ཀྲུང་གོའི་ནང་ས་དང་ཨེ་ཤེ་ཡ་ཤར་མའི་རྒྱལ་ཁབ་ཁག་དང་འབྲེལ་ཞིང་། ནུབ་ནས་ཨེ་ཤེ་ཡ་དང་ཡོ་རོབ་དང་ཐ་ན་ཨ་ཧྥེ་རི་ཁའི་སྟབས་བདེ་ཤོས་ཀྱི་ས་ཁོངས་དང་མཐུད་ཡོད། དེ་ལས་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་གཅིག་རྒྱུན་གཅིག་འཛིན་བྱེད་པའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་གསལ་བཤད་གང་ལེགས་ཐུབ་པ་དང་། ད་ཆའི་ཤིན་ཅང་ལ་གནའ་ནས་ཡོད་པའི་ལེགས་ཆ་སྔར་བཞིན་ལྡན་ཡོད་ལ། རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ནུས་པའང་འདོན་སྤེལ་ཐུབ་ངེས་རེད།
      

    ཕྱོགས་བསྡུས་གསར་འགྱུར།