འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    སྙན་རྩོམ་གྱི་སྙན་པ་རིང་དུ་ཁྱབ།

    —— ཐེ་ཀོར་གྱི་འཁྲུངས་ཡུལ་ལ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་03ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཉེ་ཆར་གསར་འགོད་པ་རྒྱ་གར་གྱི་ཀ་ལི་ཀ་ཏ་གྲོང་ཁྱེར་ལ་སླེབས་ནས་འཛམ་གླིང་སྟེང་སྙན་པའི་བ་དན་མཐོན་པོར་གཡོ་བའི་སྙན་ངག་མཁས་པ་ཐེ་ཀོར་གྱི་འཁྲུངས་ཡུལ་ལ་ཁོང་གི་ཉམས་པ་མེད་པའི་སྙན་ངག་ལྗགས་རྩོམ་གནང་སྐབས་ཀྱི་མི་ཚེའི་བྱུང་བ་དང་གསར་རྩོམ་ཇི་ལྟར་གནང་ཚུལ་སྐོར་ཤེས་རྟོགས་བྱེད་པར་ཕྱིན་པ་ཡིན།
           ཧྲ་ཏི་ནི་ཐེ་ཀོར་གྱི་འཁྲུངས་ས་ནས་ཡིན་པ་དང་ཆུང་དུས་ནས་ཐེ་ཀོར་གྱི་སྙན་ངག་གི་ཤན་ཞུགས་ཐེབས་མྱོང་། ལོ་ཟླའི་ཕྲེང་བ་རིམ་གྱིས་འདས་པ་དང་ཆབས་ཅིག་བུ་མོ་ཧྲ་ཏིས་ཐེ་ཀོར་གྱི་སྙན་ངག་ལ་གོ་བ་ཟབ་ཏུ་སོང་ཞིང་། དྲ་རྒྱ་བརྒྱུད་འཛམ་གླིང་གི་ས་ཕྱོགས་ཁག་གི་རྩོམ་རིག་ལ་དགའ་པོ་ཡོད་མཁན་ཚོ་དང་མཉམ་དུ་ཐེ་ཀོར་གྱི་སྙན་ངག་ལ་འཛིན་པའི་མྱོང་བ་ཕན་ཚུན་གླེང་རེས་བྱས་པས་གྲོགས་པོ་གསར་པ་མང་པོ་ངོ་ཤེས་པར་གྱུར་ལ་སྙན་ངག་གི་གོ་བའང་ཟབ་ཏུ་སོང་བ་རེད།
          “ཐེ་ཀོར་གྱི་སྙན་ངག་གིས་ངའི་འཚོ་བ་སྔར་བས་མཛེས་སྡུག་ལྡན་པར་གྱུར་ལ། གྲོགས་པོ་གསར་པ་མང་པོ་ཞིག་ཀྱང་ངོ་ཤེས་པ་ནི་སྙན་ངག་གི་བཀའ་དྲིན་ཡིན། ང་ཐེ་ཀོར་འཁྲུངས་ཡུལ་གྱི་སྙན་ངག་སློབ་གྲོགས་ཚོགས་པའི་ཁྲོད་རྒྱུན་དུ་འགྲོ་ཡི་ཡོད། ཁོང་ཚོ་དང་མཉམ་དུ་ཐེ་ཀོར་གྱི་སྙན་ངག་ཕྱོགས་བསྒྲིགས་བཀླགས་ཏེ་སྙན་ངག་ལས་བྱུང་བའི་མྱོང་སྣང་ཉམས་སུ་མྱོང་བ་དང་རང་རང་གི་ཚོར་སྣང་གླེང་རེས་བྱས་པས་སྙན་ངག་གིས་ང་ཚོའི་དབར་གྱི་བར་ཐག་ཉེ་རུ་ཕྱིན་སོང”ཞེས་ཧྲ་ཏིས་གསར་འགོད་པར་བཤད་བྱུང་།
         ཐེ་ཀོར་གྱི་སྙན་ངག་ནི་རྒྱ་གར་ཙམ་ལ་བདག་པ་མིན་པར་འཛམ་གླིང་ལ་དེ་བས་དབང་བ་ཞིག་ཡིན་པ་དཔེར་ན། ཐེ་ཀོར་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཐ་སི་ནེས་ཐེ་ཀེར་གྱིས་སྙན་ངག་བརྩམས་ཏེ་རྒྱ་གར་འཛམ་གླིང་དང་འབྲེལ་བ་བྱས་ཡོད་ཅེས་བཤད་པ་དོན་དང་ལྡན།
         ཐེ་ཀོར་ནི་1861ལོར་འཁྲུངས་པ་དང་1941ལོར་དགོངས་པ་རྫོགས། ཁོང་གིས་འགྲོ་བ་མིར་རྩོམ་རིག་གི་ཤུལ་བཞག་རི་བོའི་གཏོས་དང་སྙམ་པ་ཞིག་འཇོག་གནང་མཛད་པ་སྟེ། སྙན་ངག་ཕྱོགས་བསྒྲིགས་66དང་། བརྩམས་སྒྲུང་ཐུང་གྲས་96 བརྩམས་སྒྲུང་རིང་འབྲིང་15 འཁྲབ་གཞུང་80དང་ལྷུག་རྩོམ་གྲངས་འབོར་མང་པོ་ཞིག་བཅས་ཡོད། ཐེ་ཀོར་སྐུ་གཤེགས་ནས་ལོ་མང་པོ་སོང་ཡང་ཁོང་གི་སྙན་ངག་ད་ལྟའི་བར་ཀུན་གྱི་ངག་ལ་འཇགས་ཡོད། སྐྱེ་བོ་མང་པོ་འཛམ་གླིང་གི་ས་ཕྱོགས་ཁག་ནས་ཐེ་ཀོར་འཁྲུངས་ཡུལ་ལ་ཆེད་མངགས་ཡོང་བ་མ་ཟད། ཁོང་གི་འཚོ་བའི་ཁྲོད་ཀྱི་བྱ་བ་ཆུང་ཙག་སྟེ་གྱོན་པ་བག་ཆགས་གྱོན་ཚུལ་དང་འཚོ་བ་སྤྱིར་བཏང་ངང་སྐྱེལ་སྟངས་ལྟ་བུ་སོགས་ལའང་ཞིབ་པར་ཉམས་ཞིབ་བྱེད་ཀྱི་ཡོད།
         “རི་པིན་དུ་ཐེ་ཀོར་གྱི་སྙན་ངག་ཕྱོགས་བསྒྲིགས་ལ་དགའ་པོ་བྱེད་མཁན་མང་པོ་ཡོད། ཁོང་ཚོས་རྟག་ཏུ་མཉམ་དུ་འཛོམས་ནས་སྙན་ངག་གྱེར་འདོན་བྱས་ནས་སྙན་ངག་ལ་བརྟེན་ཏེ་ནང་སེམས་ཀྱི་དུང་ཞེན་བརྗོད་པའི་འདུན་པ་མཚོན་པར་བྱེད་ཅིང་། རྒྱལ་ཁབ་སོ་སོས་ཐེ་ཀོར་གྱི་སྙན་ངག་སྒྱུར་སྟངས་མི་འདྲ་བ་ཡོད་ཀྱང་། སྙན་ངག་གི་ཉམས་འགྱུར་གཅིག་ཏུ་གནས་ཡོད”ཅེས་རི་པིན་གྱི་ཡུལ་སྐོར་བ་ཆིང་མུའུ་ཡིའུ་ཙིས་གསར་འགོད་པར་དེ་ལྟར་བཤད།
         འཛམ་གླིང་ལ་སྐད་གྲགས་ལྡན་པའི་སྙན་ངག་པ་དང་། རྩོམ་པ་པོ། མཚན་ཉིད་རིག་པ་མཁས་ཅན་བཅས་ཡིན་པའི་ངོས་ནས། ཐེ་ཀེར་ཡང་ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་བཟང་པོ་ཞིག་ཡིན། ཁོང་ཀྲུང་གོའི་རིག་གནས་ལ་དང་བ་ཆེ་ཞིང་སྤྲོ་སྣང་ལྷག་པར་ལྡན། 1924ལོ་དང་1929ལོར་ཧྲང་ཧའེ་དང་ཀྲུང་གོའི་གྲོང་ཁྱེར་གཞན་ལ་ཐེངས་གསུམ་ཕེབས་པ་དང་། ཁོང་གིས་རྒྱ་གར་རྒྱལ་སྤྱིའི་སློབ་ཆེན་དུ་ཀྲུང་གོའི་སློབ་གླིང་བཙུགས་པ་ནི་རྒྱ་གར་ལ་ཀྲུང་གོའི་སྐད་ཡིག་དང་། རྩོམ་རིག རིག་གནས་བཅས་སྦྱོང་བ་དང་ཞིབ་འཇུག་བྱེད་པའི་ལྟེ་གནས་དང་པོར་གྱུར་ཡོད།
         2013ལོའི་ཟླ་ལྔ་པར་ཐེ་ཀོར་གྱི་འཁྲུངས་ཡུལ་དུ་ཀྲུང་གོའི་འགྲེམས་སྟོན་ཁང་བརྒྱབ་ཅིང་། 《ཐེ་ཀོར་དང་ཀྲུང་གོ》ཞེས་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་ཁུལ་ཐོག་པར་རིས་འབོར་ཆེན་ཐོག་ནས་1924ལོར་ཐེ་ཀོར་ཀྲུང་གོར་ཕེབས་སྐབས་ཀྲུང་གོའི་རྒྱལ་ནང་གི་རིག་གནས་པ་དང་ཕན་ཚུན་སྤེལ་རེས་བྱས་ཚུལ་སྐོར་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་ཀྲུང་གོ་དང་རྒྱ་གར་དབར་གྱི་རིག་གནས་དང་བསམ་བློ་སྤེལ་རེས་ཀྱི་སྔོན་བྱོན་པ་ཁོང་ཀྲུང་གོར་ཕེབས་ཚུལ་འཁོད་ཡོད།
     
      

    ཕྱོགས་བསྡུས་གསར་འགྱུར།