འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅༎བོད་ལྗོངས་ཀྱིས་རྒྱལ་མཚམས་ནས་ཕྱིར་གཏོང་ནང་འདྲེན་གྱི་རིག་དངོས་གསལ་འབྱེད་
    གསོ་སྦྱོང་འཛིན་གྲྭ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་30ཉིན། 16:20】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་29ཉིན། ཀྲུང་གོའི་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་བོད་ལྗོངས་ལྷ་སར་དུས་ཡུན་ཉིན་བདུན་རིང་ལ་རྒྱལ་མཚམས་ནས་ཕྱིར་གཏོང་ནང་འདྲེན་གྱི་རིག་དངོས་ལ་ཞིབ་བཤེར་དང་བོད་ལྗོངས་ས་ཁུལ་རིག་དངོས་གསལ་འབྱེད་གསོ་སྦྱོང་དང་ལས་སྤེལ་ཚད་ལེན་དཔྱད་བསྡུར་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་བརྩམས་ཏེ། བོད་ལྗོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིག་དངོས་ལ་གསལ་འབྱེད་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ནས"རིག་གནས་ཀྱི་རྒྱལ་སྒོ"བརྟན་སྲུང་ལ་རོགས་སྐྱོར་བྱས་པ་རེད།
         རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གསོ་སྦྱོང་མི་སྣ་ནི་བོད་ལྗོངས་ཀྱི་རིག་དངོས་ནང་འདྲེན་ཕྱིར་གཏོང་ཐད་ཀྱི་ཁྱབ་ཁོངས་ཁག་དང་འབྲེལ་བ་ཡོད་ཅིང་། བོད་ལྗོངས་རིག་དངོས་གསལ་འབྱེད་ལྟེ་གནས་དང་བོད་ལྗོངས་ཀྱི་ས་ཁུལ་ཁག་གི་རིག་དངོས་རྟེན་མཛོད་ལས་ཁུངས། ལྷ་སའི་འགག་སྒོའི་ཁོངས་གཏོགས་ཀྱི་སྐྱིད་གྲོང་འགག་སྒོ་དང་གྲོ་མོ་འགག་སྒོ། མཁའ་འགྲུལ་འགག་སྒོ་དང་སྦྲག་སྲིད་འགག་སྒོ་སོགས་ནས་ཡོང་བའི་སློབ་གཉེར་བ་30ལྷག་ལས་གྲུབ་པ་རེད།
         དེ་མིན་གསོ་སྦྱོང་འཛིན་གྲྭའི་སློབ་ཚན་ནི་བོད་ལྗོངས་ཀྱི་རིག་དངོས་བདེན་རྫུན་གསལ་འབྱེད་ཆེད་མཁས་པས་བོད་ཀྱི་ལྡེར་སྐུ་དང་ཐང་ག གཡང་ཊིའི་ཡོ་ཆས། དཀར་ཆས། སི་བཏགས་དངོས་རྫས། གཡུ་རྩིའི་ཡོ་ཆས་སོགས་རིག་དངོས་ཀྱི་ཁྱད་རྟགས་གཙོ་བོ་དང་། དུས་རབས་ཀྱི་ཁྱད་ཆོས། བདེན་རྫུན་གསལ་འབྱེད་བྱ་ཐབས་སོགས་ཀྱི་ཐད་ནས་གཅིག་བསྡུས་ཀྱིས་སློབ་ཁྲིད་བྱས་ཤིང་། སློབ་ཁང་དུ་སློབ་ཁྲིད་བྱེད་པ་དང་དངོས་རྫས་ལྟ་སྦྱོང་བྱེད་པ་སོགས་ཀྱི་སློབ་ཁྲིད་བྱེད་སྟངས་སྣ་མང་མཉམ་དུ་སྤྱད་པ་རེད།
         བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རིག་དངོས་ཅུས་ནས་ཡོང་བའི་སློབ་གཉེར་བ་སྒྲོལ་མས་ཐེངས་འདིའི་གསོ་སྦྱོང་གིས་བོད་ལྗོངས་ཀྱི་རྒྱལ་མཚམས་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་རིག་དངོས་ཀྱི་ཁྱད་ཆོས་ལ་དམིགས་པ་དང་། སློབ་ཚན་བཀོད་སྒྲིག་ལ་གོ་རིམ་ལྡན་ཞིང་ཆ་ཚང་བས། "སྐོམ་པ་སངས་པ"ལྟ་བུའི་སློབ་ཁྲིད་ཅིག་རེད། "ངས་གཞི་རིམ་དུ་རིག་དངོས་ལས་དོན་ལོ་བཅུ་ལྷག་རིང་སྒྲུབ་པ་ཡིན་ཞིང་། དུས་རྒྱུན་རིག་དངོས་གསལ་འབྱེད་ཐད་ལ་ཅི་བྱ་གཏོལ་མེད་དང་དོགས་གནད་སྐྱེས་པའི་གནད་དོན་ཐུག་གི་ཡོད་པས། རིག་དངོས་གསལ་འབྱེད་གསོ་སྦྱོང་འཛིན་གྲྭ་འདི་འདྲ་གཉེར་བ་ནི་དངོས་གནས་དགོས་གལ་ཧ་ཅང་ཆེ་བ་ཞིག་རེད"ཅེས་བསྟན་པ་རེད།
         ཀྲུང་གོའི་རྒྱལ་ཁབ་རིག་དངོས་ཅུས་ཀྱི་རྟེན་མཛོད་ཁང་དང་སྤྱི་ཚོགས་རིག་དངོས་སིའི་འགོ་འཛིན་གཞོན་པ་ཏེང་ཁྲའོ་(邓超)ཡིས་རིག་དངོས་རྒྱལ་མཚམས་ནས་ཕྱིར་གཏོང་ནང་འདྲེན་གྱི་ཞིབ་གཤེར་བྱེད་པའི་ལས་དོན་ནི། ཀྲུང་གོ་དང་ཕྱི་རྒྱལ་བར་རིག་གནས་སྤེལ་རེས་དང་འཛམ་གླིང་ཐོག་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་སྤེལ་གཏོང་བའི་འགན་སྲུང་ནུས་ལྡན་ཞིག་ཡིན་ཞིང་། "བོད་ཀྱི་རིག་དངོས་ནི་ཀྲུང་ཧྭ་མི་རིགས་ཀྱི་རྒྱུ་ནོར་རྩ་ཆེན་ཡིན་ལ། ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་བར་ལ་རིག་གནས་སྤེལ་རེས་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པའི་དེང་དུས་སུ། རིག་དངོས་བདེ་འཇགས་ཡོང་བར་སྲུང་སྐྱོང་དང་རིག་གནས་སྤེལ་རེས་མཉམ་ལས་ལ་སྐུལ་སྤེལ་གཏོང་བ་ནི་རྒྱལ་མཚམས་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་རིག་དངོས་དོ་དམ་ལས་དོན་གྱི་ལས་འགན་གསར་པ་ཞིག་ཡིན"ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།