འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྐད་སྒྲ་མཐོན་པོར་གྲགས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་29ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་དྲག་ཆས་ཉེན་རྟོག་དཔུང་སྡེའི་སྐུ་སྲུང་དམག་མིའི་རོལ་ཆ་ཚོགས་པ་དང་བཅས་པའི་མི་41ཧ་སག་སི་ཐན་གྱི་རྒྱལ་དམངས་གོ་ཧྲག་སྲུང་དམག་གི་གདན་ཞུས་ལྟར། ཚེས་22ནས་24ཉིན་བར་དུས་ཡུན་ཉིན་3ཡིན་པའི་སྐབས་དྲུག་པའི“དམག་དོན་དུང་བརྡ”ཞེས་པའི་རྒྱལ་སྤྱིའི་དམག་དཔུང་གི་རོལ་ཆའི་དུས་ཆེན་གྱི་སྤེལ་རེས་བྱེད་སྒོར་ཞུགས་པ་རེད།
         འཚམས་འདྲི་བྱེད་རིང་སྐུ་སྲུང་དམག་མིའི་རོལ་ཆ་ཚོགས་པས་ཁྱོན་འཁྲབ་སྟོན་ཐེངས་4ལ་ཞུགས་ཤིང་། ཚེས་22དང་23ཉིན་དམག་མིའི་རོལ་ཆ་ཚོགས་པས་ཧ་སག་སི་ཐན་གྱི་རྒྱལ་དམངས་གོ་ཧྲག་དམག་གི་དམིགས་བསལ་དམག་འཐབ་ལུའེ་ག་གེ་མོ་ཞིག་ཏུ་ཆེད་དོན་འཁྲབ་སྟོན་བྱས་པ་དང་། ཧ་སག་སི་ཐན་ལུས་རྩལ་ཁང་དུ་ཨུ་རུ་སུའི་རྒྱལ་དམངས་སྐུ་སྲུང་དམག་གི་རོལ་ཆ་ཚོགས་པ་དང་། ཧ་སག་སི་ཐན་ཙུང་ཐུང་གི་དམག་མིའི་རོལ་ཆ་ཚོགས་པ། ཧ་སག་སི་ཐན་མཐའ་མཚམས་དམག་མིའི་རོལ་ཆ་ཚོགས་པ། ཧ་སག་སི་ཐན་རྒྱལ་དམངས་གོ་ཧྲག་སྲུང་དམག་གི་རོལ་ཆ་ཚོགས་པ་སོགས་དང་གར་སྟེགས་ཐོག་མཉམ་དུ་རོལ་མོ་དཀྲོལ་གཏོང་དང་སྤེལ་རེས་བྱས་པ་དང་། ཚེས་23ཉིན་གྱི་དགོང་མོ་དམག་མིའི་རོལ་ཆ་ཚོགས་པ་དམག་མིའི་རོལ་ཆའི་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་འཁྲབ་སྟོན་ལ་ཞུགས་པ། ཚེས་24ཉིན་དམག་མིའི་རོལ་ཆ་ཚོགས་པ་གདན་ཞུས་ལྟར་ཧ་སག་སི་ཐན་གྱི་ནང་སྲིད་པུའུ་བཙུགས་ནས་ལོ་25འཁོར་བའི་རོལ་དབྱངས་འདུ་ཚོགས་ལ་ཞུགས་པ་རེད།
        ས་གནས་དེ་གའི་དུས་ཚོད་ཚེས་22ཉིན་གྱི་ཆུ་ཚོད་11ལ་ཧ་ཀྲུང་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་བསྟུན་ནས“དམག་དོན་དུང་བརྡ”ཞེས་པའི་རྒྱལ་སྤྱིའི་དམག་མིའི་རོལ་ཆའི་དུས་ཆེན་གྱི་ཆེད་དོན་རོལ་དབྱངས་འདུ་ཚོགས་སྤེལ་འགོ་ཚུགས་པ་རེད།
        ཚེས་24ཉིན་གྱི་ཕྱི་དྲོ་ཧ་སག་སི་ཐན་གྱི་ནང་སྲིད་པུའུ་བཙུགས་ནས་ལོ་25འཁོར་བའི་རོལ་དབྱངས་འདུ་ཚོགས་དེ་གྲོང་ཁྱེར་ཨ་སི་ཐ་ནའི་ཨ་ལེ་ཨར་ཁ་རྐང་འཁོར་འགྲན་ཁང་དུ་གཟབ་རྒྱས་ངང་འཚོགས་པ་དང་། སྐུ་སྲུང་དམག་མིའི་རོལ་ཆ་ཚོགས་པ་གདན་ཞུས་ལྟར་འཁྲབ་སྟོན་ལ་ཞུགས་པ་དང་འབྲེལ་བྱེད་སྒོར་ཞུགས་པའི་རྒྱལ་ཁབ་ཁག་གི་དམག་མིའི་རོལ་ཆ་རུ་ཁག་དང་མཉམ་དུ་རོལ་དབྱངས་མཉམ་དཀྲོལ་བྱས་པར་ལྟད་མོ་བ་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད་པ་རེད།
         ཀྲུང་གོའི་དྲག་ཆས་ཉེན་རྟོག་དཔུང་སྡེའི་སྐུ་སྲུང་དམག་མིའི་རོལ་ཆ་ཚོགས་པ་ནི་ཆེད་ལས་ཀྱི་འབུད་གཏོང་རོལ་ཆའི་སྒྱུ་རྩལ་ཚོགས་པ་ཞིག་རེད། དེས་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་རྒྱལ་དར་སྒྲེང་བའི་མཛད་སྒོའི་རྒྱལ་གླུའི་རོལ་མོ་དཀྲོལ་བ་དང་ཕྱི་དོན་སིའི་གུས་སྲོལ་འཁྲབ་སྟོན་གྱི་རོལ་མོ་དཀྲོལ་བའི་ལས་འགན་གཙོ་བོར་འཁུར་གྱི་ཡོད། དེ་བཙུགས་ནས་ལོ་30སོང་རིང་། རོལ་ཆ་ཚོགས་པ་དེས་རྒྱལ་ཁབ་དབུ་བརྙེས་ནས་ལོ་50འཁོར་བ་དང་། ལོ་60འཁོར་བ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་དྲན་གསོ་ཞུ་བ་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དམག་གཟིགས་ཀྱི་རོལ་མོ་དཀྲོལ་བའི་ལས་འགན་དང་དེ་བཞིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་སྐབས་དང་པོའི་དམག་མིའི་རོལ་ཆའི་དུས་ཆེན་གྱི་འཁྲབ་སྟོན་སོགས་ལ་སྔ་རྗེས་སུ་ཞུགས་པ་དང་། དབྱི་ཐ་ལི་དང་། རི་པིན། ཧ་སག་སི་ཐན་སོགས་རྒྱལ་ཁབ་ཏུ་ཐེངས་མང་བསྐྱོད་དེ་སྤེལ་རེས་འཁྲབ་སྟོན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།