འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅༎"རྒྱུད་གཅིག་ལམ་གཅིག"མཉམ་དུ་བསྐྲུན་པས་ཀྲུང་ཨུ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་དང་
    གཉིས་ཁེ་མཉམ་ལས་ལ་ཚ་རླབས་གསར་པ་ཞིག་འཕྱུར་བ།

    —— ཨུ་ཟ་བྷེ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་སུན་ལི་ཅེར་བཅར་འདྲི་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་26ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཨུ་ཟ་བྷེ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་སུན་ལི་ཅེས་ཉིན་ཤས་གོང་ཐ་ཧྲི་ཀན་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཕྱོགས་བཟང་པོ་སྔ་བར་ཕྱི་གསུམ་དུ་རྒྱུན་འཁྱོངས་བྱུང་བ་དང་དུས་རབས་ཀྱི་བླང་བྱ་དང་བསྟུན་ནས་ནང་དོན་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད། 2016ལོའི་ཟླ་6པར། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཤོས་སུ་སླེབས་ཡོད། འདི་ལོ་ནི་ཀྲུང་ཨུ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་25འཁོར་བའི་ལོ་ཞིག་དང"རྒྱུད་གཅིག་ལམ་གཅིག"མཉམ་དུ་བསྐྲུན་པས་ཀྲུང་ཨུ་ཁྱིམ་མཚེས་རྒྱལ་ཁབ་གཉིས་དབར་གྱི་མཛའ་མཐུན་དང་གཉིས་ཁེ་མཉམ་ལས་ལ་ཚ་རླབས་གསར་པ་ཞིག་འཕྱུར་ཡོད་ཅེས་བཤད་པ་རེད།
         སུན་ལི་ཅེས་དེང་སྐབས་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་། དཔལ་འབྱོར་ཉོ་ཚོང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་ནས་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱི་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དུ་སླེབས་ཡོད། རྒྱལ་ཁབ་གཉིས་པོའི་མཐོ་རིམ་འགྲོ་འོང་ཉིན་རེ་ལས་ཟབ་ཏུ་འགྲོ་བ་དང་ཆབ་སྲིད་ཐད་ཡིད་ཆེས་བྱེད་རེས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་འཕྲིན་ཡིག་གཏོང་རེས་ཐེངས་མང་བྱས་ནས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་གྲོགས་དང་ཕྱོགས་ཡོངས་ཀྱི་གཉིས་ཁེ་མཉམ་ལས་ལ་ཐུན་མོང་གི་ངོས་འཛིན་གལ་ཆེན་གཅིག་མཐུན་བྱུང་ཡོད་ཅེས་བཤད་པ་རེད།
         སུན་ལི་ཅེས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིའར་ཅི་གཡོད་ཡེ་ཧྥུའུ་ཡིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་ནས་ཀྲུང་གོ་ཉིད་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཕྱི་འབྲེལ་གྱི་སྔོན་འགྲོ་དང་མཉམ་ལས་རོགས་ཟླ་གལ་ཆེ་ཤོས་ཀྱི་གྲས་སུ་བརྩི་ཡི་ཡོད། སྨིའར་ཅི་གཡོད་ཡེ་ཧྥུའུ་ཡིས་འདི་ལོའི་ཟླ་5པར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ། "རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ནང་ཞུགས་པ་རེད། དེས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་གཉིས་ཁེ་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད་ཅེས་བཤད་པ་རེད།
         སུན་ལི་ཅེས་ཞི་བདེ་མཉམ་ལས་དང་། སྒོ་དབྱེ་བསྟུན་མཁས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས། གཉིས་ཁེ་གཉིས་ཕན་བཅས་ལྟེ་བར་བྱས་པའི་དར་གོས་ལམ་བུའི་སྙིང་སྟོབས་ཉིད་དེང་གི་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་མི་དམངས་མཛའ་མཐུན་ཡོང་བའི་རྨང་རྡོ་ལྟ་བུར་གྱུར་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་རིག་གནས་དང་། སློབ་གསོ། ཚན་རིག སྨན་བཅོས། གནའ་རྫས་རྟོག་ཞིབ། ཡུལ་སྐོར་སོགས་སྤྱི་ཚོགས་དང་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱབ་ཁོངས་ནང་སྤེལ་རེས་དང་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་གྱི་ཡོད་པའི་ངོས་འཛིན་བྱས་པ་རེད།
         སུན་ལི་ཅེས་རྒྱལ་ཁབ་གཉིས་པོར"རྒྱུད་གཅིག་ལམ་གཅིག"མཉམ་དུ་བསྐྲུན་མ་ཐག་ནས་ཕན་འབྲས་ཐོབ་ཅིང་། ནུས་རྒྱུ་དང་། འགྲིམ་འགྲུལ། འཕྲིན་གཏོང་། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་གལ་ཆེན་ལ་བདེ་བླག་ངང་སྐུལ་འདེད་ཐུབ་ཡོད། རྒྱལ་ཁབ་གཉིས་པོས་མི་མངོན་པའི་སྟོབས་ཤུགས་སྔར་བས་འདོན་སྤེལ་བྱས་ནས་དངོས་སྒྲུབ་མཉམ་ལས་ལ་འཕར་གཞི་དེ་བས་མང་བ་བཏོད་དེ་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་གཉིས་ཁེ་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་འགྲོ་རྒྱུར་སྐུལ་འདེད་བཏང་ནས"རྒྱུད་གཅིག་ལམ་གཅིག"མཉམ་དུ་བསྐྲུན་པའི་མཉམ་ལས་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།
         སུན་ལི་ཅེས་འདི་ལོ་ནི་《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩ་འཛིན་》ལ་མིང་རྟཊ་བཀོད་ནས་ལོ་15འཁོར་བའི་ལོ་ཞིག་ཡིན་ལ། 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཀྱི་ཆིངས་ཡིག་》ལ་མིང་རྟགས་བཀོད་ནས་ལོ་10འཁོར་བའི་ལོ་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཚུད་པའི་ཁོངས་མིའི་རྒྱལ་ཁབ་ཁག་དང་ལྷན་དུ་བདེ་འཇགས་ཁྱབ་ཁོངས་ནང་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་ས་ཁུལ་གྱི་འཇིགས་རྒོལ་སྒྲིག་གཞི་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་བདེ་འཇགས་ཐད་ཀྱི་འཇིགས་སྐུལ་དང་འགྲན་སློང་གསར་པར་ནུས་ལྡན་ངང་ཁ་གཏད་འཇལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།