འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་ནུབ་ས་མཐོའི་རྔ་པའི་དབུལ་སྐྱོར་བྱེད་སྟངས་དེ“དྲིན་འཇལ་བ”ནས“གྲོང་གསེབ་ཀྱི་
    དབུལ་སྐྱོར་མཉམ་ལས”བར་འགྱུར་ལྡོག་གསར་པ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཁྲོན་ནུབ་ས་མཐོའི་ཐོག་གི་གྲོང་མི་དབུལ་པོ་ཀླུ་མཚོ་ཉེ་འགྲམ་གྱི་གྲོང་ཚོར་ལས་ཞུགས་ཐུབ་ནས་ཟླ་རེར་ཡོང་འབབ་སྒོར་3000ལེན་རྒྱུ་བྱུང་སྟེ་མགྱོགས་པོ་དབུལ་ཞྭ་ཕུད་ཐུབ་རེ་ཡོད་པ་ནི་ཁོང་གི་རྨི་ལམ་དུའང་འཁོར་མྱོང་མེད། དབུལ་སྐྱོར་བྱེད་སྟངས་གསར་པ—“གྲོང་གསེབ་ཀྱི་དབུལ་སྐྱོར་མཉམ་ལས”ཀྱི་སྐུལ་ཁྲིད་འོག་ཀླུ་མཚོ་ལྟར་གྱི་ཁྲོན་ནུབ་ས་མཐོའི་གྲོང་མི་དབུལ་པོ་ཁྲི་སྟོང་མང་པོའི་འཚོ་བར་འགྱུར་ལྡོག་འགྲོ་བཞིན་ཡོད། དེས་ན་དབུལ་སྐྱོར་བྱེད་སྟངས་དེ་རིགས་ནི“དྲིན་འཇལ་བའི”བྱ་སྤྱོད་ཅིག་ནས་བྱུང་ཡོད།
          “དྲིན་འཇལ་བའི”ས་བོན་ལ“མྱུ་གུ་འབུས”འགོ་ཚུགས་པ།
           ཀླུ་མཚོ་ནི་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཟུང་ཆུ་རྫོང་གཉན་ཡུལ་ཤང་མཁར་ལུང་གྲོང་ཚོ་ནས་ཡིན་པ་དང་གྲོང་ཚོ་དེའང་ས་མཐོའི་ཐོག་གི་གྲོང་ཚོ་ཅུང་དབུལ་པོ་ཞིག་རེད། འདི་ལོའི་ཟླ་4པར་གྲོང་ཚོ་ཨུ་ལྷན་གྱི་འབྲེལ་གཏུག་འོག་ཁོང་གིས་ཟུང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་སྐྱང་སྨད་གྲོང་ཚོའི“བོད་ཁྱིམ་སྤྲོ་སྐྱིད་ཁང”ཞིག་ནང་བོད་ཟས་ཀྱི་མ་བྱན་བྱེད་ཀྱི་ཡོད་པ་དེ་ཞིང་ཁ་རྨོ་བ་དང་ཕྱུགས་འཚོ་བ་ལས་སྐྱིད་སྣང་དོད་ལ་ཡོང་འབབ་ཀྱང་མང་བ་ཡོད་པ་རེད།
          གསར་འགོད་པ་ཉེ་ཆར་སྐྱང་སྨད་གྲོང་ཚོར་འགྲོ་སྐབས་ཡུལ་སྐོར་བ་མི་ཉུང་བ་ཞིག་ཡུག་སྦྲེལ་དུ་ཆགས་པའི“བོད་ཁྱིམ་སྤྲོ་སྐྱིད་ཁང”ནང་བསྡད་ཡོད་པ་མཐོང་བྱུང་། “ལོ་བཅུ་ཕྲག་ཁ་ཤས་གོང་གྲོང་ཚོ་དེ་ས་རྒྱུ་ཞན་པའི་དབང་གིས་ཚང་མས་ཐག་རིང་གི་གཉན་ཡུལ་ཤང་མཁར་ལུང་གྲོང་ཚོ་དང་མཁར་ཡག་གྲོང་ཚོར་བཟའ་འབྲུ་གཡར་བར་འགྲོ་དགོས་ཀྱི་ཡོད”ཅེས་སྐྱང་སྨད་གྲོང་ཚོའི་ཀྲུའུ་རེན་དགེ་སྐྱབས་ཀྱིས་བཤད།
          ད་ཆ་སྐྱང་སྨད་གྲོང་ཚོར་ད་དུང་ཐང་ག་དང་བོད་ཇ་སོགས་ཐོན་ལས་འཕེལ་རྒྱས་གཏོང་གི་ཡོད་ཅིང་། 2016ལོར་གྲོང་ཚོ་དེའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་55ཟིན་པ་དང་དུད་ཚང་རེར་ཁེ་སྤོགས་སྒོར་ཁྲི་1བྱུང་ཡོད་པ་རེད།
          “ཕྱུག་པོ་ཆགས་རྗེས་ཁོང་ཚོར་ཕན་ཐོགས་མཁན་དང་རོགས་རམ་བྱེད་མྱོང་བའི་མི་བརྗེད་མེད”ཅེས་གཙོ་ཚང་དགོན་གྲོང་རྡལ་གྱི་དེ་སྔའི་ཏང་ཨུད་ཧྲུའུ་ཅི་གཞོན་པ་ལིའུ་མིང་ཕུང་གིས་བཤད་པ་དང་སྐྱང་སྨད་གྲོང་ཚོར་ལས་མི་སྤྱོད་པ་དང་ཐོན་རྫས་མངགས་ཉོའི་དགོས་མཁོ་ཡོད་སྐབས་ཚང་མས་གཉན་ཡུལ་ཤང་སེམས་ནང་འཁོར་གྱི་ཡོད། ལོ་ལྟར་མཁར་ལུང་གྲོང་ཚོ་དང་མཁར་ཡག་གྲོང་ཚོ་སོགས་ནས་སྐྱང་སྨད་གྲོང་ཚོར་ལས་ཞུགས་བྱེད་པར་ཡོང་མཁན་གྲོང་མི་20ལྷག་ཙམ་ཡོད་པ་དེ་ནི“གྲོང་གསེབ་ཀྱི་དབུལ་སྐྱོར་མཉམ་ལས”ཀྱི་ཐོག་མའི་རྣམ་པ་ཞིག་རེད།
          “གྲོང་གསེབ་ཀྱི་དབུལ་སྐྱོར་མཉམ་ལས”ཐད་ནན་ཏན་ཞིབ་ཚགས་ཀྱི་ནུས་པ་ཐོན་པ།
          མཁར་ཡག་གྲོང་ཚོར་གྲོང་མི་ཚོས་བོད་ཕག་གསོ་སྤེལ་གྱི་གཞི་ཁྱོན་ཆེ་རུ་བཏང་བ་དང་མཁར་ལུང་གྲོང་ཚོར་སྤྲུ་ནག་འདེབས་འཛུགས་རྟེན་གཞིའང་སྐྲུན་འགོ་བཙུགས་པས་གྲོང་མིའི་དབུལ་སྒྲོལ་ལམ་བུ་དེ་བས་ཡངས་སུ་སོང་མོད། འོན་ཀྱང་བསམ་ཡུལ་ལས་འདས་པར“དབུལ་སྒྲོལ”རྣམ་གྲངས་དེ་དག་ནི་ཉེ་འགྲམ་གྱི་འབྱོར་ཕྱུག་གྲོང་ཚོས་སྐུལ་ཁྲིད་བྱས་པ་ཞིག་ཡིན་པ་ལས་སྲིད་གཞུང་གིས་རྦད་དེ་མ་དངུལ་བཏང་བ་ཞིག་མིན།
          སྐྱང་སྨད་གྲོང་ཚོ་ནས་བྱུང་བའི“དྲིན་འཇལ་བའི”རོགས་སྐྱོར་བྱ་སྤྱོད་དེར་ས་ཆ་དེ་གའི་ཏང་ཨུད་དང་སྲིད་གཞུང་གི་མཐོང་ཆེན་ཐོབ་པ་དང་ཁྲིད་སྟོན་དང་འཐུས་སྒོ་ཚང་དུ་བཏང་རྗེས་རོགས་སྐྱོར་བྱེད་རིགས་དེ“གྲོང་གསེབ་ཀྱི་དབུལ་སྐྱོར་མཉམ་ལས”ལམ་སྲོལ་དུ་རིམ་བཞིན་གྱུར་ནས་དབུལ་སྐྱོར་ཐད་ནན་ཏན་ཞིབ་ཚགས་ཀྱི་ནུས་པ་ཐོན་ཏེ་དམིགས་བསལ་གྱི་ཕན་འབྲས་ཐོན་ཡོད།
          ཟུང་ཆུ་རྫོང་གི་རྫོང་དཔོན་ལི་ཅན་ཅུན་གྱིས་རྫོང་དེས་བལྟོས་བཅས་ཀྱི་འབྱོར་ཕྱུག་ཡིན་པའི་གྲོང་ཚོ་55དང་གྲོང་ཚོ་དབུལ་པོ་55དབར་ཆ་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱས་པ་དང་འབྲོག་ལས་གསོ་ཚགས་དང་། སྣོད་བཅུད་བཟང་བའི་ཞིང་ལས། གྲོང་གསེབ་ཀྱི་ཡུལ་སྐོར་སོགས་ལེགས་ལྡན་ཐོན་ལས་ལ་དམིགས་ནས་གྲོང་ཚོ་དབུལ་པོར་དཔེ་སྟོན་རྣམ་གྲངས་55གཏན་འཁེལ་བྱེད་རོགས་བྱས་པ་དང“གྲོང་གསེབ་ཀྱི་དབུལ་སྐྱོར་མཉམ་ལས”ལམ་སྲོལ་རགས་ཙམ་ཆགས་པ་བྱས་ཡོད་ཅེས་ངོ་སྤྲོད་བྱས།
         དབུལ་སྒྲོལ་འགག་སྒྲོལ་གྱི“ནང་གནས་ཀྱི་སྒུལ་ཤུགས”འཕེལ་བ།
          གཙོ་ཚང་དགོན་གྲོང་རྡལ་ཁྲི་རྗེ་གྲོང་ཚོ་ནི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་3000ཡོད་པའི་རི་གྲོང་དབུལ་པོ་ཞིག་ཡིན་པ་དང་གནད་སྨིན་དབུལ་སྐྱོར་ལག་བསྟར་བྱེད་འགོ་འཛུགས་སྐབས་གྲོང་ཚོ་དེར་མཉམ་སྡེབ་དཔལ་འབྱོར་གང་ཡང་མེད་པའི་དཔེ་མཚོན་གྱི་གྲོང་ཚོ་སྟོང་པ་ཞིག་རེད། ད་ཆ“གྲོང་གསེབ་ཀྱི་དབུལ་སྐྱོར་མཉམ་ལས”ལག་བསྟར་བྱས་སྟབས་གྲོང་ཚོ་དེར་འགྱུར་ལྡོག་འགྲོ་འགོ་ཚུགས་ཡོད།
          སྐལ་བཟང་རྒྱལ་མཚན་ནི་ཁྲི་རྗེ་གྲོང་ཚོའི་གྲོང་མི་དབུལ་པོ་ཞིག་ཡིན་པ་དང་ཁོང་གི་ཁང་པ་གཉིས་ཐོག་དེ་བརྒྱབ་མ་ཐག་ཡིན་ཞིང་། མ་གནས་གྲོན་ཆུང་བྱ་ཆེད་སྒོ་དང་སྒེའུ་ཁུང་ཚང་མ་རང་ཉིད་ཀྱིས་བཟོས་པ་རེད། སྐལ་བཟང་རྒྱལ་མཚན་གྱིས“འབྱོར་ཕྱུག་གྲོང་ཚོའི་རོགས་རམ་ཡོད་སྟབས་རང་ཉིད་ཀྱིས་འབད་བརྩོན་མ་བྱས་ཚེ་ངོ་ཚ་དགོས་པ་ཞིག་རེད”ཅེས་བཤད།
         ན་ནིང་ཟླ་5པར་སྐལ་བཟང་རྒྱལ་མཚན་གྱིས་སྐྱང་སྨད་གྲོང་ཚོའི“བོད་ཁྱིམ་སྤྲོ་སྐྱིད་ཁང”ཞིག་ཏུ་ལས་ཀ་བྱས་པར་ཟླ་རེར་གླ་ཆ་སྒོར་3000ཡོད་པ་རེད། ན་ནིང་ལོ་སྨད་དུ་ཁྲི་རྗེ་གྲོང་ཚོ་དང་མཐའ་འཁོར་གྱི་གྲོང་ཚོ་ཁ་ཤས་ལ་སྒོར་ཁྲི་70ཡི་སྤང་བཟུང་སྤྱོད་བྱས་པའི་ཁ་གསབ་མ་དངུལ་རག་པ་དང་སྐྱང་སྨད་གྲོང་ཚོ་ཨུ་ལྷན་གྱི་ཁྲིད་སྟོན་འོག་ཁྲི་རྗེ་གྲོང་ཚོས་མཉམ་སྡེབ་དཔལ་འབྱོར་གཉེར་སྐྱོང་བྱས་ཏེ་རྫོང་གྲོང་དུ་ཚོང་ཁང་ཉོས་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བ་རེད།
          ལི་ཅན་ཅུན་གྱིས“དབུལ་སྐྱོར་འགག་སྒྲོལ་གྱི་དུས་མཚམས་གསར་པར‘གྲོང་གསེབ་ཀྱི་དབུལ་སྐྱོར་མཉམ་ལས’ཀྱིས་ཧ་ཅང་དབུལ་པོ་ཡིན་པའི་ས་ཁུལ་གྱི་དཀའ་གནད་ལས་འགག་སྒྲོལ་བྱེད་པར‘ཕན་ཚུན་མཐུད་སྦྱོར’བྱེད་སྟངས་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་ཕན་འབྲས་ཐོན་ཡོད་ལ་དབུལ་ཕྱུག་གི་ཧེ་བག་ཆུང་དུ་དང་རྫོང་ཁོངས་འཕེལ་རྒྱས་དོ་སྙོམས་མེད་པའི་རྣམ་པ་ཞི་ལྷོད་དུ་གཏོང་ཐུབ་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།