འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོང་གིས“ཇུས་གཞི་ཆེན་པོ་ཞིག་བཏིངས་གནང་བ”

    ཀྲང་ཉན་ཧྲེང་། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཙེ་པི་ཀེ་ཉེ་ཕུའུ·པུའུ་རེ་ཅིན་སི་ཅི།
    ཙེ་པི་ཀེ་ཉེ་ཕུའུ·པུའུ་རེ་ཅིན་སི་ཅི།
          ཟླ་5ཚེས་26ཉིན་ཨ་རིའི་ཤར་ཕྱོགས་དུས་ཚོད་མཚན་མོའི་ཆུ་ཚོད་11ཙམ་དུ་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་གྱི་ལས་རོགས་ཟུར་པ་འབུམ་རམས་པ་ཙེ་པི་ཀེ་ཉེ་ཕུའུ·པུའུ་རེ་ཅིན་སི་ཅི་གྲོངས་པའི་གནས་ཚུལ་ཐོས།
          ས་འབྲེལ་འཐབ་ཇུས་མཁས་ཅན། ཕྱི་འབྲེལ་མཁས་ཅན་དེ་གྲོངས་པར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཆེད་མངགས་མྱ་ངན་ཞུ་ཡིག་སྤྲིངས་ནས་སྐུ་ཞབས་པུའུ་རེ་ཅིན་སི་ཅི་ནི་ཨ་རིའི་གྲགས་ཅན་འཐབ་ཇུས་མཁས་ཅན་དང་ཕྱི་འབྲེལ་མཁས་ཅན་ཡིན་ལ། ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་ཡག་པོ་དང་དེ་སྔ་ཀྲུང་ཨའི་དབར་ཕྱི་འབྲེལ་འབྲེལ་བ་འཛུགས་སྐབས་ལེགས་སྐྱེས་གལ་ཆེན་ཕུལ་གནང་བ་མ་ཟད། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་བློ་རྩ་བརྟན་པོས་རྒྱབ་སྐྱོར་དང་སྐུལ་འདེད་ཧུར་ཐག་བཏང་གནང་གི་ཡོད། “ཁོང་གྲོངས་པ་དེ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་གྱོང་གུན་ཡིན་པ”དང“ཕྱོགས་གཉིས་པའི་ཐུན་མོང་གི་འབད་བརྩོན་འོག་ཀྲུང་གོ་དང་ཨ་རིའི་མཛའ་གྲོགས་མཉམ་ལས་ཀྱི་བྱ་གཞག་ལ་འཕེལ་རྒྱས་ཟམ་མི་ཆད་པ་གཏོང་རྒྱུ་དེ་སྐུ་ཞབས་པུའུ་རེ་ཅིན་སི་ཅིར་དྲན་གསོ་ཡག་ཤོས་བྱས་པ་ཞིག་ཡིན”ཞེས་འཁོད་ཡོད།
          ཀྲུང་གོ་དང་ཨ་རིའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་པར་ལེགས་སྐྱེས་འགངས་ཆེན་འབུལ་མཁན་གྲས་སུ་ཅི་ཤིན་ཀེ་ཕུད་ད་དུང་པུའུ་རེ་ཅིན་སི་ཅི་ཡོད་པ།
          ཀྲུང་གོ་དང་ཨ་རིའི་འབྲེལ་བ་དང་ཐ་ན་རྒྱལ་སྤྱིའི་འབྲེལ་བའི་ཁྱབ་ཁོངས་སུ་རྟག་ཏུ་མི་གཉིས་ཀྱི་སྐོར་དུས་གཅིག་ཏུ་གླེང་གི་ཡོད་པ་དེ་ནི་འབུམ་རམས་པ་ཅི་ཤིན་ཀེ་དང་འབུམ་རམས་པ་པུའུ་རེ་ཅིན་སི་ཅི་རྣམ་གཉིས་ཡིན། 1971ལོའི་ཟླ་7པར་སྐབས་དེ་དུས་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཡིན་པའི་འབུམ་རམས་པ་ཅི་ཤིན་ཀེས་གསང་བའི་སྒོ་ནས་ཀྲུང་གོར་འཚམས་འདྲི་གནང་སྟེ་ཙུང་ཐུང་ཉི་ཁེ་སུང་གིས་ཀྲུང་གོར་འཚམས་འདྲི་གནང་རྒྱུ་དང་ཀྲུང་གོ་དང་ཨ་རིའི་འབྲེལ་བ་རྒྱུན་གཏན་ཅན་དུ་འགྱུར་བའི་སྒོ་མོ་ཕྱེ་བ་རེད། དེས་ན་1978ལོའི་ཟླ་5པར་ཁོང་དང་འདྲ་བར་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཡིན་པའི་པུའུ་རེ་ཅིན་སི་ཅིས་ཀྲུང་གོར་འཚམས་འདྲི་གནང་ནས་ཀྲུང་གོ་དང་ཨ་རིའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པའི་ཞིབ་ཕྲའི་ལས་དོན་དེ་བས་མང་བ་གཏན་འཁེལ་གནང་བ་དང་ཀྲུང་གོ་དང་ཨ་རིའི་འབྲེལ་བ་རྒྱུན་གཏན་ཅན་དུ་འགྱུར་བར་ལེགས་སྐྱེས་གལ་ཆེན་ཕུལ་གནང་བ་རེད།
         སྨྱུག་འཛིན་པར་འབུམ་རམས་པ་པུའུ་རེ་ཅིན་སི་ཅི་ཐུག་ཐེངས་མཇུག་ཤོས་དང་ཉེ་ཤོས་ནི་ན་ནིང་གི་ཟླ་11ཚེས་16ཉིན་གློག་བརྙན་འགྲེམས་ཚོགས་ཞིག་ཐོག་ཡིན་པ་དང་། ཏེང་ཞའོ་ཕིང་གིས་1979ལོར་ཨ་རིར་འཚམས་འདྲི་གནང་བའི་སྐོར་གྱི་《ཉིན་དགུའི་རླུང་འཁོར་》ཞེས་པ་ཝ་ཧྲིང་ཐོན་གྱི་ལྷོ་བྱང་དཀྱིལ་ཐིག་ལྟེ་གནས་སུ་བསྟན་པ་དང་། པུའུ་རེ་ཅིན་སི་ཅིས་གདན་ཞུས་ལྟར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། 《ཉིན་དགུའི་རླུང་འཁོར་》ནང་ཏེང་ཞའོ་ཕིང་གིས་ཨ་རིར་འཚམས་འདྲི་གནང་སྐབས་པུའུ་རེ་ཅིན་སི་ཅིའི་ཁྱིམ་དུ་མགྲོན་པོར་ཕེབས་པའི་སྐོར་མང་པོ་འཁོད་ཡོད།
         སྐབས་དེ་དུས་ཀྱི་གནས་ཚུལ་དྲན་གསོ་གནང་སྐབས། འབུམ་རམས་པ་པུའུ་རུ་ཅིན་སི་ཅིས་1978ལོའི་ཟླ་5པའི་གནས་ཚུལ་བསྐྱར་དྲན་གནང་ཞིང་། སྐབས་དེ་དུས་ཀྲུང་གོར་འཚམས་འདྲི་གནང་རིང་ཁོང་ལ་ཏེང་ཞའོ་ཕིང་གིས་མཇལ་འཕྲད་གནང་བ་དང་། གྲོས་མོལ་གནང་ཟིན་རྗེས་ཏེང་ཞའོ་ཕིང་གིས་ཁོང་པེ་ཧའེ་ཧྥང་ཧྲན་ཟ་ཁང་དུ་དགོང་ཟས་ལ་གདན་དྲངས་པ་དང་། དགོང་ཟས་བཞེས་སྐབས་ཁོང་གིས་ཏེང་ཞའོ་ཕིང་ཨ་རིར་འཚམས་འདྲི་གནང་བར་ཕེབས་སྐབས་ཁོང་གི་ཁྱིམ་དུ་མགྲོན་པོར་ཕེབས་ནས“ཨ་རིའི་དགོང་ཟས་འཁྲུལ་མེད”ཀྱི་རོ་བཅུད་མྱོང་བར་ཕེབས་རྒྱུར་གདན་དྲངས།
         1979ལོའི་ཟླ་1ཚེས་28ཉིན་ཏེང་ཞའོ་ཕིང་གནམ་གྲུ་ནས་བབས་མ་ཐག་ཞལ་ཆད་ལྟར་ཧྥེ་ཅི་ཉི་ཡ་ཀྲོའུ་མའེ་ཁེ་ལེ་རུ་གནས་པའི་པུའུ་རེ་ཅིན་སི་ཅིའི་ཁྱིམ་དུ་མགྲོན་པོར་ཕེབས། “ང་གཉིས་དབར་གླེང་མོལ་ཟབ་མོ་བྱུང་བ་དང་ཐ་ན‘རིག་གནས་གསར་བརྗེ་ཆེན་པོའི་སྐབས’ཀྱི་ཏེང་ཞའོ་ཕིང་གི་མྱོང་བ་ཡང་གླེང་བ་ཡིན”ཁོང་གིས་ཏེང་ཞའོ་ཕིང་གིས་1979ལོར་ཨ་རིར་འཚམས་འདྲི་གནང་བར་དོན་སྙིང་ཟབ་མོ་ལྡན་པ་དང་ཀྲུང་གོ་དང་ཨ་རིའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་འཛམ་གླིང་གི་ས་འབྲེལ་ཆབ་སྲིད་ཀྱི་རྣམ་པར་འགྱུར་ལྡོག་གཏིང་ཟབ་བཏང་བ་དེ་མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་ཡིན། “གོ་ལ་ཅན་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་དུས་རབས་སུ་ཀྲུང་གོ་དང་ཨ་རི་ནི་འཛམ་གླིང་གི་སྣེ་ཁྲིད་སྟོབས་ཤུགས་ཆེན་པོ་གཉིས་སུ་གྱུར་བ་དང་། རྒྱལ་ཁབ་གཉིས་པོས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལག་གདང་སྦྲེལ་ཏེ་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་དེས་ཀྲུང་གོ་དང་། ཨ་རི། ཨུ་རུ་སུ་སོགས་རྒྱལ་ཁབ་ཆེན་པོའི་འབྲེལ་བར་ཤུགས་རྐྱེན་ཐེབས་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས”
         འབུམ་རམས་པ་པུའུ་རེ་ཅིན་སི་ཅི་ཡི་གཏམ་གླེང་ཉན་བཞིན་ངའི་བློ་སྣ་བགྲང་བྱ་12ཀྱི་གོང་དུ་ཕྱོགས་སུ་2004ལོའི་ཟླ་1ཚེས་7ཉིན་པེ་ཅིང་དུ་ཡོད་པའི་ཀྲུང་གོ་གསོལ་མགྲོན་ཁང་ཆེ་མོར་ང་དང་ལས་རོགས་ལ་པུའུ་རེ་ཅིན་སི་ཅི་ལ་ཆེད་དོན་བཅར་འདྲི་བྱེད་པའི་གོ་སྐབས་ཐོབ་བྱུང་། ཁོང་སྐབས་དེ་དུས་ཀྱི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་དང་མཇལ་འཛོམས་གནང་ཟིན་ཙམ་རེད་འདུག བཅར་འདྲི་དང་ལེན་གནང་སྐབས་ཁོང་གིས་ཀྲུང་ཨའི་འབྲེལ་བ་དེ་མཉམ་ལས་ཀྱི་སྒྲོམ་གཞི་ནས་ཡེ་ནས་བརྒལ་མི་རུང་ཞེས་ནན་བཤད་ཡང་ཡང་གནང་།
          སྐབས་དེའི་ཆེད་དོན་བཅར་འདྲིར་སྐར་མ་20ཁོ་ན་ལས་མེད་ནའང་། ཨ་རི་དང་ཨུ་རུ་སུའི་དབར་གྱི་འབྲེལ་བ་དང་མེ་གླིང་དང་ཡོ་རོབ་དབར་གྱི་འབྲེལ་བ་སོགས་ཐད་ཀྱི་འབུམ་རམས་པ་པུའུ་རེ་ཅིན་སི་ཅི་ཡི་དགོངས་ཚུལ་ལས་དེའི་ཡང་དག་རང་བཞིན་ལ་ལོ་རྒྱུས་དངོས་ཀྱི་ར་སྤྲོད་གང་ལེགས་ཐོབ་ཡོད། ཝ་ཧྲིང་ཐོན་དུ་རྒྱུན་སྡོད་བྱས་རྗེས་ངས་ཁོང་དང་སླར་ཡང་ངོ་ཐུག་གདོང་འཕྲད་ངང་ཆེད་དོན་བཅར་འདྲི་བྱེད་པའི་གོ་སྐབས་ཐོབ་ན་སྙམ།
          ཁོང་གི་ལས་རོགས་ཁེ་ལིན·ཧྥེ་ཧྲེ་ཚོགས་རར་ཕྱིར་ལོག་བྱས་རྗེས་ང་དང་ཁོང་དེ་སྔ་སྐུ་ཞབས་ཁོང་ལ་བཅར་འདྲི་བྱེད་པའི་གནས་ཚུལ་སྐོར་གླེང་བ་མ་ཟད། ཁོང་ལ་ཆེད་མངགས་བཅར་འདྲི་བྱེད་པའི་གོ་སྐབས་སླར་ཡང་ཐོབ་ན་བསམ་ཞེས་བརྗོད་སྐབས། ཁེ་ལིན་ཡིས་སྐུ་ཞབས་ཁོང་ལ་ཁོམ་པ་བྱུང་ཚེ་བཀོད་སྒྲིག་གང་ཐུབ་བྱེད་ཆོག་ཅེས་ཁས་བླངས།
         ཉིན་4སོང་རྗེས་ང་ལ་ཁོ་ལིན་གྱི་གློག་རྡུལ་སྦྲག་བསྐུར་འབྱོར་བྱུང་། ཁོང་གིས་སྦྲག་བསྐུར་ནང“སྐུ་ཞབས་པུའུ་རེ་ཅིན་སི་ཅི་ཡིས་ཁྱེད་ཀྱིས་སྐབས་དེ་དུས་ཁོང་ལ་བཅར་འདྲི་བྱེད་པའི་གནས་ཚུལ་ལ་དྲན་གསོ་བྱུང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁོང་ལ་སླར་ཡང་བཅར་འདྲི་བྱེད་འདོད་པར་ཐུགས་རྗེ་ཆེ་ཞུས་པའང”འཁོད་ཡོད། དུས་ཚིགས་དེའི་ནང་ཁོང་མཛད་བྲེལ་ཆེ་བའི་དབང་གིས་སླར་ཡང་ཆེད་དོན་བཅར་འདྲི་བྱེད་པའི་དུས་ཚོད་མེད་པས“འབུམ་རམས་པ་པུའུ་རེ་ཅིན་སི་ཅི་ཡིས་ཁྱེད་ཀྱི་བསམ་ཤེས་ཐུབ་རྒྱུའི་རེ་བ་གནང་བ་མ་ཟད། ཟོལ་མེད་ཀྱི་འཚམས་འདྲི་གནང་ལུགས”འཁོད་འདུག
         “དངོས་ཡོད་རིང་ལུགས་པ་ཡིན་པ་ལས་སྐྱོ་སྣང་རིང་ལུགས་པ་མིན”
         2004ལོའི་ཟླ་1པོའི་ཆེད་དོན་བཅར་འདྲིར་གྲ་སྒྲིག་བྱ་ཆེད། ངས་དེ་སྔ་སྐུ་ཞབས་པུའུ་རེ་ཅིན་སི་ཅིས་1997ལོར་པར་སྐྲུན་བྱས་པའི་ཆེད་རྩོམ་《འཆར་གཞི་ཆེན་པོ་སྟེ། ཨ་རིའི་གནས་བབ་གཙོ་བོ་དང་དེ་བཞིན་ས་འབྲེལ་འཐབ་ཇུས་》ཞེས་པ་ཞིབ་ཚགས་བལྟ་མྱོང་ཡོད། དེབ་དེའི་ནང་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོའི་ས་འབྲེལ་འཐབ་ཇུས་ཀྱི་མིག་མངས་རྒྱག་རིས་ཀྱི་འཆར་འགོད་དང་། ཨ་རི་དང་མནའ་འབྲེལ་རྒྱལ་ཁབ་གཙོ་བོའི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས། ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་སོགས་རྒྱས་བཤད་གནང་བས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོར་བརྩི་འཇོག་བྱས་ཏེ་ཀྲུང་གོ་དང་སྐད་ཆ་ཤོད་རེས་བྱ་རྒྱུའི་འདོད་ཚུལ་འཆང་གི་ཡོད། “ཨ་རི་དང་ཀྲུང་གོའི་དབར་འཐབ་ཇུས་བསམ་ཤེས་གཏིང་ཟབ་མེད་ཚེ་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེ་མོའི་ས་འབྲེལ་ཆབ་སྲིད་སྣ་མང་ཅན་མངོན་འགྱུར་ཡོང་མི་ཐུབ་ལ་འཕེལ་རྒྱས་བརྟན་པོ་ཡོང་མི་ཐུབ” དེས་ན་ཨ་རིའི་ཕྱི་འབྲེལ་མཁས་ཅན་ཞིག་ཡིན་པའི་ངོས་ནས་ཁོང་གི་དམིགས་ཡུལ་ནི་ཨ་རིའི་བཙན་བདག་གནས་བབ་སྲུང་སྐྱོང་བྱས་ནས་ཨ་རིའི་འཐབ་ཇུས་གནས་བབ་ལ་གཡོ་འགུལ་མི་ཐེབས་པ་བྱ་རྒྱུ་དེ་རེད།
          “པུའུ་རེ་ཅིན་སི་ཅི་ནི་དངོས་ཡོད་རིང་ལུགས་པ་ཡིན་པ་ལས་སྐྱོ་སྣང་རིང་ལུགས་པ་མིན”ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཟུར་པ་ལུའོ་པོ་ཐེ·ཀའེ་ཚེ་ཡིས་ཁོང་གི་དེ་སྔའི་འགོ་ཁྲིད་ལ་དེ་ལྟར་གདེང་འཇོག་བྱས། ཨ་རིའི་རྒྱལ་ཁབ་བདེ་འཇགས་ལས་རོགས་ཟུར་པ་པུའུ་ལུན་ཐེ·སི་ཁའུ་ཁེ་ལུའོ་ཕུའུ་ཐེ་ཡི་གདེང་འཇོག་དེ་བས་མཐོ་བ་ཡོད་དེ་པུའུ་རེ་ཅིན་སི་ཅི་ནི“ཨ་རིའི་བློ་གྲོས་ཟབ་ཤོས་ཀྱི་ཆབ་སྲིད་མཁས་ཅན་དང་མཐོང་རྒྱ་ཆེ་ཞིང་དགོངས་པ་ཟབ་ཤོས་ཀྱི་འཐབ་ཇུས་མཁས་ཅན་གྱི་གྲས་ཤིག་རེད”ཅེས་བརྗོད།
          1928ལོར་ཕོ་ལན་གྱི་ཝར་སོའི་ཕྱི་འབྲེལ་དཔོན་གྱི་ཁྱིམ་དུ་སྐྱེས་པ་དང་ལོ་ན་ཆུང་དུས་ནས་ཕྱི་རྒྱལ་དུ་འཚོ་བ་བསྐྱལ་ནས་བཞུགས་པ་དང་། 1949ལོར་ཁ་ན་ཏའི་མའེ་ཅིར་སློབ་ཆེན་ནས་ཐོན་པ། 1953ལོར་ཨ་རིའི་ཧ་ཧྥུའུ་སློབ་ཆེན་གྱི་ཆབ་སྲིད་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ་པ། ལོ་30ལ་སླེབས་སྐབས་ཨ་རིའི་རྒྱལ་ཁོངས་སུ་འཛུལ་བས་པུའུ་རེ་ཅིན་སི་ཅི་ནི་གནས་སྤོས་ཡུལ་མི་ཞིག་ཏུ་བརྩིས་ཆོག ཡིན་ནའང་ཁོང་གིས་ཨ་རིའི་སྲིད་དོན་གླེང་སྟེགས་ནང་འདོན་པའི་ནུས་པ་ནི་ཁོང་གི་གནས་སྤོས་ཡུལ་མིའི་ཐོབ་ཐང་ལས་ཆེས་ཆེར་བརྒལ་ཡོད་པ་རེད།
         1977ལོ་ནས་1981ལོ་བར་ཙུང་ཐུང་ཁ་ཐེ་ལས་ཐོག་ཏུ་ཞུགས་རིང་པུའུ་རེ་ཅིན་སི་ཅི་དབང་ཤེད་ཅུང་ཆེན་པོ་ཡོད་པ་དང་། ཁོང་གིས་ཉིན་ལྟར་ཙུང་ཐུང་ཁ་ཐེར་གསང་འཕྲིན་གནད་བསྡུས་སྙན་ཞུ་བྱ་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད་པ་དང་དེའི་གོང་ལ་གསང་འཕྲིན་གནད་བསྡུས་སྙན་ཞུ་བྱ་རྒྱུ་ནི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་དམིགས་བསལ་དབང་ཆ་ཡིན། རྒྱུན་དུ་གསར་འགོད་པ་གཞུང་ལས་ཁང་དུ་བསྐོངས་ནས“ལོགས་སུ་གནས་ཚུལ་བཤད”དེ་རྒྱལ་དོན་བློན་ཆེན་དབན་སིར་ཕོག་ཐུག་གཏོང་བར་སྣང་བ་གཏོང་གི་མེད། དབྱི་རན་གྱི་མི་གཏའི་ཉམས་ཉེན་གྱི་དོན་རྐྱེན་ཁྲོད་དྲག་ཤུགས་ལ་བརྟེན་ནས་མི་གཏའ་སྐྱོབ་རྒྱུའི་འདོད་ཚུལ་དེ་ལག་བསྟར་མ་བྱས་གོང་གི་ཉིན་ཁ་ཤས་གོང་ཁོང་གིས་གཞི་ནས་རྒྱལ་དོན་བློན་ཆེན་དབན་སིར་བརྡ་ཐོ་བཏང་བ་དང་། མི་གཏའ་སྐྱོབ་པའི་བྱ་སྤྱོད་ཕམ་རྗེས་དབན་སི་ཁོང་ཁྲོ་དང་བཅས་ལས་ཁུར་དགོངས་ཞུ་བྱས་པ་རེད།
         1981ལོར་ཁོང་ལ་ཙུང་ཐུང་ཁ་ཐེས་ཙུང་ཐུང་གི་རང་དབང་གཟེངས་རྟགས་སྤྲད་གནང་བ་མ་ཟད། ཨ་རི་དང་ཀྲུང་གོའི་འབྲེལ་བ་རྒྱུན་གཏན་ཅན་དུ་འགྱུར་བའི་ཐད་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་ཀྱང་གནང་བ་རེད།
         ནང་མི་ཚང་མ་ཁྲིད་ནས་རྒྱང་སྐྱོད་ལམ་བུ་བརྒྱུད་དེ“གནས་སྐོར”དུ་ཕྱིན་པ། 
          “འཛམ་གླིང་འདིར་ངས་སེམས་གཏིང་ནས་དད་གུས་ཞུ་ས་མི་གཉིས་ཡོད་པའི་ནང་གི་གཅིག་ནི་ཏེང་ཞའོ་ཕིང་ཡིན”ཞེས་པའི་པུའུ་རེ་ཅིན་སི་ཅིའི་སྐད་ཆ་འདི་དར་ཁྱབ་ཆེན་པོ་བྱུང་ཡོད། ཁོང་དང་ཏེང་ཞའོ་ཕིང་རྣམ་གཉིས་དབར་གྱི་འབྲེལ་བ་ནི་ཀྲུང་ཨའི་འབྲེལ་བའི་ལོ་རྒྱུས་ཐོག་གི་གཏམ་སྙན་ཞིག་རེད།
         1981ལོའི་ཟླ་བདུན་པར། པུའུ་རེ་ཅིན་སི་ཅི་གདན་ཞུ་ལྟར་ཀྲུང་གོར་འཚམས་འདྲིར་ཕེབས་པ་དང་སྦྲགས་ཏེང་ཞའོ་ཕིང་གི་གྲོས་འགོ་བཏོན་པ་ལྟར་ནང་མི་དང་མཉམ་དུ་ཀུའེ་ཀྲོའུ་དང་སི་ཁྲོན་སོགས་ཀྲུང་གོ་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལམ་བུ་བརྒྱུད་དེ་ཙུན་དབྱི་དང་། ལོའུ་ཧྲན་འགག་སྒོ། རྒྱལ་མོ་རྔུལ་ཆུའི་རབ་ཁ། ལྕགས་ཟམ་ཁ་སོགས་སུ་ཕེབས་པ་རེད། ཕྱིས་སུ་པུའུ་རེ་ཅིན་སི་ཅིས་ཨ་རིའི་《འཚོ་བ་》ཞེས་པའི་དུས་དེབ་ཐོག་ཁ་བྱང་ལ་《དམར་དམག་རྒྱང་སྐྱོད་ལམ་བུ་བརྒྱུད་དེ་གནས་སྐོར་དུ་སྐྱོད་པའི་ཟིན་ཐོ་》སྤེལ་ཅིང་། དེའི་ནང་དུ་རྒྱང་སྐྱོད་ནི་རླབས་ཆེན་གྱི་ལོ་རྒྱུས་སྙན་ངག་ཅིག་ཡིན། ཡིན་ན་ཡང“འགྲན་ཟླ་བྲལ་བའི་དཔའ་བོ་རིང་ལུགས་ཀྱི་ལོ་རྒྱུས་སྙན་ངག་ཙམ་ཞིག་གཏན་ནས་མིན་པར་དེ་ལ་དོན་སྙིང་ཧ་ཅང་ཟབ་མོ་ལྡན། དེ་ནི་རྒྱལ་ཁབ་གཅིག་གྱུར་སྙིང་སྟོབས་ཀྱི་སྣེ་སྟོན་པ་ཞིག་དང་། རྗེས་ལུས་ཁྱད་དུ་གསོད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་ཡིན”ཞེས་འཁོད་ཡོད་པ་རེད།
         ཨ་རིའི་འཐབ་ཇུས་མཁས་ཅན་ཞིག་ཡིན་པའི་ཆ་ནས། ཁོང་གིས་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ཀྱི་བརྗོད་པ་དེ་ལྟར་འབྲིས་གནང་བ་འདི་ནུབ་ཕྱོགས་ཀྱི་སྲིད་དོན་དཔྱད་གཏམ་མཁས་ཅན་མང་པོའི་བསམ་ཡུལ་ལས་འདས་པ་ཞིག་རེད། ཡིན་ན་ཡང་ལུའོ་པོ་ཐེ·ཀའེ་ཚིས་གསུངས་པ་ཇི་བཞིན་སྐུ་ཞབས་པུའུ་རེ་ཅིན་སི་ཅི་ནི་དངོས་ཡོད་རིང་ལུགས་པ་ཞིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།