འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅༎2016ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་ལ"རྒྱལ་སྤྱིའི་བག་ཆགས་འཇོག་ནུས་ཆེ་ཤོས་ལྡན་པའི་
    དུས་སྟོན"གྱི་མཚན་སྙན་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ལམ་ཀྲུང་གོའི་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ལྷན་ཚོགས་དང་། རྒྱལ་སྤྱིའི་དུས་སྟོན་མཐུན་ཚོགས་(IFEA)ཀྱིས་གཙོ་གཉེར་བྱས་པའི་ཀྲུང་གོའི་མི་རིགས་དུས་སྟོན་གྱི་འགོ་གཙོའི་ཚོགས་འདུ་སྐབས་དྲུག་པ་ནང་སོག་རང་སྐྱོང་ལྗོངས་ཨེ་ལུན་ཁྲུན་རང་སྐྱོང་རྫོང་(鄂伦春自治旗)དུ་འཚོག་འགོ་བརྩམས་པ་དང་། ཚོགས་འདུའི་ཐོག"2016ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན"དེ་དུས་སྟོན་མང་པོའི་ཁྲོད་ནས་འབུར་དུ་ཐོན་ཏེ། 2017ལོའི་ཀྲུང་གོའི་ཕུལ་བྱུང་མི་རིགས་དུས་སྟོན——"རྒྱལ་སྤྱིའི་བག་ཆགས་འཇོག་ནུས་ཆེ་ཤོས་ལྡན་པའི་དུས་སྟོན"གྱི་བྱ་དགའ་ཐོབ་པ་རེད།
         རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀྱི་ཀྲུང་གོའི་མི་རིགས་དུས་སྟོན་འགོ་གཙོའི་ཚོགས་འདུ་སྐབས་དྲུག་པའི་སྟེང་རྒྱལ་ཡོངས་སུ་ཁྱོན་བསྡོམས་དུས་སྟོན་800ལྷག་དཔྱད་འདེམས་ནང་ཞུགས་ཡོད་པ་དང་། དྲ་རྒྱའི་སྟེང་གཅིག་སྡུད་དང་། ཆེད་ལས་མཁས་པས་འོས་སྦྱོར། ཕྱོགས་བསྡུས་དཔྱད་འདེམས་སོགས་རིམ་པ་མང་པོ་བརྒྱུད་མཐར་དུས་སྟོན་49ལ་བྱ་དགའ་ཐོབ་ཡོད་ཅིང་། བྱ་དགའི་རྣམ་གྲངས་སུ་མི་རིགས་ཀྱི་ཁྱད་ཆོས་ཆེ་ཤོས་ལྡན་པའི་དུས་སྟོན་དང་། གསར་གཏོད་རིན་ཐང་ཆེ་ཤོས་ལྡན་པའི་དུས་སྟོན། རྒྱལ་སྤྱིའི་བག་ཆགས་འཇོག་ནུས་ཆེ་ཤོས་ལྡན་པའི་དུས་སྟོན་སོགས་རིགས་ལྔ་བཀོད་སྒྲིག་བྱས་ཡོད་པ་རེད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། རིག་གནས་པུའུ། ཡུལ་སྐོར་ཅུས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བྱ་དགའ་སྩོལ་བའི་མཛད་སྒོར་ཞུགས་པ་མ་ཟད། བྱ་དགའ་ཐོབ་པའི་ལས་ཁུངས་དང་མི་སྒེར་ལ་གཟེངས་རྟགས་དང་དཔང་ཡིག་གནང་བ་རེད།
         གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་ནི་ལྷ་སའི་གྲོང་ཁྱེར་གྱི་མིང་བྱང་ཐོག་ནས་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཀོད་པ་དང་། སྔ་ཕྱིར"ཀྲུང་གོའི་དུས་སྟོན་ཆེན་པོ་བཅུ"དང་། "ཀྲུང་ཧྭའི་བཅུ་བཟང་དུས་སྟོན་གྱི་བྱ་དགའ" "ཀྲུང་གོའི་དུས་སྟོན་གྲགས་ཅན་བཅུ"བཅས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།