འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་བོད་རིགས་ས་ཁུལ་གྱི་སློབ་ཆུང་དུ་བོད་ཡིག་ཡིག་གཟུགས་ཀྱི་སློབ་ཚན་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་21ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱི་སློབ་ཆུང་བཞི་པའི་སློབ་ཁང་ནང་ལོ་རིམ་ལྔ་པའི་བོད་རིགས་བུ་མོ་འབྲུག་མོ་སྐྱིད་ཀྱིས“ང་རང་ཞབས་བྲོ་དང་རི་མོའི་སྤྲོ་སྣང་འཛིན་གྲྭ་ལས་ཡིག་གཟུགས་སྦྱོང་བའི་སློབ་ཚན་ལ་དགའ་བ་ཡོད། དེར་བརྟེན་གཟའ་འཁོར་རྟག་པར་བོད་ཡིག་ཡིག་གཟུགས་སྦྱོང་བའི་སྤྲོ་སྣང་འཛིན་གྲྭར་ཞུགས་ཀྱི་ཡོད”ཅེས་ཤོད་བཞིན་དུ་སྨྱུ་གུ་འཁྱེར་ནས་གྲལ་སྒྲིག་པའི་བོད་ཡིག་སྟར་པ་གཅིག་བྲིས།
         ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཁུལ་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་455ཡོད་པའི་ནང་མིག་སྔར་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་ཆུང་127ཡོད། ཉེ་བའི་ལོ་ཤས་རིང་། སློབ་གྲྭ་དེ་དག་གིས་གཅིག་རྗེས་གཉིས་མཐུད་ངང་བོད་ཡིག་ཡིག་གཟུགས་སློབ་ཚན་དང་སྤྲོ་སྣང་འཛིན་གྲྭ་བཙུགས་ནས་བོད་རིགས་སློབ་མར་བོད་ཡིག་ཡིག་གཟུགས་སློབ་སྦྱོང་བྱེད་པའི་གོ་སྐབས་རག་ཡོད།
         གཙོས་གྲོང་ཁྱེར་གྱི་སློབ་ཆུང་བཞི་པའི་སློབ་སྤྱི་ཀྲང་ཧུང་རུང་གིས་སློབ་གྲྭས་བཙུགས་པའི་བོད་ཡིག་ཡིག་གཟུགས་སྤྲོ་སྣང་འཛིན་གྲྭར་གཙོ་བོ་ལོ་རིམ་གསུམ་པ་ནས་དྲུག་པའི་བར་གྱི་ཡིག་གཟུགས་སྦྱོང་རྒྱུར་དགའ་བའི་སློབ་མ་རྣམས་ཞུགས་ཡོད། མིག་སྔར་སྤྲོ་སྣང་འཛིན་གྲྭར་སློབ་མ་39ཡོད་པ་དང་གཟའ་མིག་དམར་དང་གཟའ་ཕུར་བུའི་ཕྱི་དྲོ་སློབ་གྲྭས་ཆུ་ཚོད་གཅིག་སྤྱད་ནས་ཁོང་ཚོར་ཡིག་གཟུགས་སྦྱོང་དུ་བཅུག་གི་ཡོད་ཅེས་བཤད།
         “གཙོས་གྲོང་ཁྱེར་གྱི་སློབ་ཆུང་བཞི་པའི་སློབ་མ་ཚང་མ་བོད་རིགས་ཡིན་པ་དང་རང་མི་རིགས་ཀྱི་ཡི་གེའི་ཡིག་གཟུགས་སྦྱོང་བའི་གོ་སྐབས་བྱུང་བས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་མི་རིགས་ཀྱི་བརྩེ་སེམས་ཟབ་ཏུ་འགྲོ་རྒྱུར་ཕན་ཐོགས་ཡོད། ཕྲུ་གུ་ཚོས་བོད་ཡིག་ཡིག་གཟུགས་སྦྱོང་རྒྱུར་སྐུལ་ལྕག་བྱ་ཆེད་སློབ་གྲྭས་ཁོང་ཚོར་ཡིག་གཟུགས་སྦྱོང་རྒྱུར་མཁོ་བའི་ཤོག་བུ་དང་། སྨྱུ་གུ སྣག་ཚ་བཅས་རིན་མེད་ངང་སྤྲད་ཡོད”ཅེས་བོད་ཡིག་ཡིག་གཟུགས་སློབ་ཁྲིད་དགེ་རྒན་སྐལ་བཟང་ཚེ་རིང་གིས་བརྗོད་བྱུང་།
         ངོ་སྤྲོད་བྱས་པར་གཞིགས་ན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡི་སློབ་འབྲིང་ཁག་གཅིག་གིས་ད་དུང་ཐང་གའི་སློབ་ཚན་ཡང་བཀོད་སྒྲིག་བྱས་ཡོད།
         གཞན་ཡང་། 2015ལོའི་སྟོན་དུས་ཀྱི་སློབ་དུས་འགོ་བཙུགས་པ་ནས་བཟུང་རང་སྐྱོང་ཁུལ་ནང་གི་སློབ་ཆུང་ལོ་རིམ་གསུམ་པ་ཚང་མར་ཡིག་གཟུགས་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་དང་གཟའ་འཁོར་རེར་སློབ་ཚན་གཅིག་གི་དུས་ཚོད་ནང་ལྕགས་སྨྱུག་སྤྱད་དེ་རྒྱ་ཡིག་ཡིག་གཟུགས་སྦྱོང་བ་དང་སྤུ་སྨུག་སྤྱད་དེ་རྒྱ་ཡིག་ཡིག་གཟུགས་སྦྱོང་དུ་བཅུག་གི་ཡོད། དུས་མཚུངས་སློབ་གྲྭ་ཁག་གིས་སློབ་ཕྱིའི་བྱེད་སྒོ་དང་། སྤྲོ་སྣང་ཚོགས་ཆུང་། ཚོགས་པའི་བྱེད་སྒོ སློབ་ཚན་གཉིས་པ་སོགས་བརྒྱུད་ཡིག་གཟུགས་སྦྱོང་དགོས་པའི་སྐུལ་ལྕག་བྱས་ནས་སློབ་མའི་སྤྲོ་སྣང་འཕེལ་བ་དང་སློབ་མའི་ཡིག་གཟུགས་ཡག་ཏུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།