འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲང་ཧའེ་གློག་བརྙན་དུས་ཆེན་ཐོག་གྲངས་ཉུང་མི་རིགས་ཀྱི་བུད་མེད་བརྗོད་གཞིར་བྱས་
    པའི་དངོས་བཤུས་པར་གཞི་《གངས་ལྷ་མེ་ཏོག་》གྲུབ་འབྲས་ཐོབ་པའི་ངང་ཐོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཧྲང་ཧའེ་གློག་བརྙན་དུས་ཆེན་ཐོག་གྲངས་ཉུང་མི་རིགས་ཀྱི་བུད་མེད་བརྗོད་གཞིར་བྱས་
པའི་དངོས་བཤུས་པར་གཞི་《གངས་ལྷ་མེ་ཏོག་》གྲུབ་འབྲས་ཐོབ་པའི་ངང་ཐོན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་21ཉིན། ཕ་ཡུལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ནས་ཡིན་པའི་ལོ་18ལ་སོན་མ་ཐག་པའི་བསོད་ནམས་སྐྱིད་དང་། མཁའ་འགྲོ་སྐྱིད། གསང་བདག་སྒྲོལ་མ་བཅས་བུ་མོ་གསུམ་གྱིས་བོད་ཆས་གྱོན་ནས་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་20པའི་ཐོག་མངོན་པ་རེད། ཉིན་དེར་གློག་བརྙན་དུས་ཆེན་གྱི་གཙོ་གཉེར་ཕྱོགས་ཀྱིས་ལོ་གཅིག་གི་རིང་བོད་རིགས་བུ་མོ་གསུམ་མི་སྣ་གཙོ་བོ་བྱས་ཏེ་པར་ལེན་བྱས་པའི་དངོས་བཤུས་པར་གཞི་《གངས་ལྷ་མེ་ཏོག་》གྲུབ་འབྲས་ཐོབ་པའི་ངང་ཐོན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
         གངས་ལྷ་མེ་ཏོག་ནི་དྭངས་ཤིང་གཙང་ལ་ལྟ་ན་སྡུག་པའི་བུད་མེད་ཀྱི་སྙིང་རུས་ཆེན་པོ་མཚོན་གྱི་ཡོད་ཅིང་། གློག་བརྙན་ནང་འབྲོག་ཁྱིམ་དུ་སྐྱེས་པའི་བསོད་ནམས་སྐྱིད་དང་ཁོང་གི་གྲོགས་མོ་མཁའ་འགྲོ་སྐྱིད་དང་གསང་བདག་སྒྲོལ་མ་ཟི་ལིང་དུ་བསྐྱོད་ནས་དེང་རབས་ཀྱི་ངོ་གདོང་དང་སྐྲ་མཛེས་བཟོ་དང་གཟུགས་བརྙན་ཇུས་འགོད་ཆེད་ལས་སྦྱངས་པའི་གཏམ་རྒྱུད་བརྗོད་ཡོད་པ་རེད།
         “ཐོག་མར་གྲོང་ཁྱེར་ཆེན་པོར་སླེབས་དུས། བུ་མོ་གསུམ་པོ་སྐད་ཆ་དང་བཟའ་བཏུང་གང་ཅིའི་ཐད་ཧ་ཅང་མ་གོམས་པ་དང་། གྲོང་ཁྱེར་ཆེན་པོར་ཆ་མེད་རྒྱུས་མེད་ཡིན་རུང་། སྦྱང་བྱའི་མཛེས་བཟོའི་ཆེད་ལས་བསམ་བློར་འཁོར་སྐབས་རེ་སྒུག་དང་སྤྲོ་སྣང་གིས་ཁེངས་བཞིན་ཡོད”ཅེས་《གངས་ལྷ་མེ་ཏོག་》གི་འཁྲབ་ཁྲིད་པ་བོད་རིགས་ན་གཞོན་དགེ་རྒན་བཀྲ་ཤིས་ཆོས་འཕགས་ཀྱིས་བཤད།
         ལོ་37ཡིན་པའི་བཀྲ་ཤིས་ཆོས་འཕགས་ནི་ཟི་ལིང་གྲོང་ཁྱེར་དུས་རབས་ལས་རིགས་ལག་རྩལ་སློབ་གྲྭའི་གློག་བརྙན་བརྙན་འཕྲིན་ཆེད་ལས་ཀྱི་དགེ་རྒན་ཞིག་ཡིན། དེ་སྔོན་པེ་ཅིང་གློག་བརྙན་སློབ་གླིང་དུ་ལོ་གཅིག་རིང་གློག་བརྙན་པར་ལེན་ཆེད་ལས་ཟབ་སྦྱོང་བྱས་པ་མ་ཟད། ཉམས་མྱོང་ཆེ་བའི་བོད་རིགས་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་དང་ངོ་ཤེས། དེ་ནས་ཁོང་གིས་ལས་རིགས་ལག་རྩལ་སློབ་གྲྭ་ནས་མཐོང་བའི་སྣང་ཚུལ་དེ་པད་མར་བརྗོད་པ་དང་དངོས་མཚོན་པར་གཞི་ཞིག་པར་ལེན་བྱེད་འདོད་བྱུང་བ་རེད།
         དེ་དུས་བཀྲ་ཤིས་ཆོས་འཕགས་ཀྱིས་ཤེས་གསལ་ལྟར་ན། ལས་རིགས་ལག་རྩལ་སློབ་གྲྭར་ཧ་ལམ་ཆེད་ལས་ཕལ་ཆེ་བར་བོད་རིགས་སློབ་མའི་གཟུགས་བརྙན་མཐོང་རྒྱུ་ཡོད་ནའང་མཛེས་བཟོའི་ཆེད་ལས་ལ་མིང་ཐོ་འགོད་མཁན་བོད་རིགས་སློབ་མ་མེད་པ་རེད། “གྲངས་ཉུང་མི་རིགས་ཀྱི་གོམས་སྲོལ་ལ་ཆ་མཚོན་ན། ལས་རིགས་འདི་ནི་ཧ་ཅང་དེང་རབས་ཅན་གྱི་དཔེ་གསར་ཡིན་སྲིད། དེར་བརྟེན་སྐབས་དེར་ངས་མཐུན་རྐྱེན་དང་གོ་སྐབས་ཡོད་ཚེ་རང་འགུལ་ངང་མཛེས་བཟོ་སྦྱོང་མཁན་ཁག་དང་པོའི་བོད་རིགས་སློབ་མ་བུ་མོ་ཚོའི་གཏམ་རྒྱུད་དེ་དངོས་མཚོན་པར་གཞི་རུ་པར་ལེན་བྱེད་དགོས་སྙམ་བྱུང”ཞེས་འཁྲབ་ཁྲིད་པ་བཀྲ་ཤིས་ཀྱིས་བཤད།
         2016ལོར་སླེབས་སྐབས། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་19པའི་གསར་གཏོད་མ་འཇོག་རྣམ་གྲངས་ཀྱི་འདེམས་སྒྲུག་ནང་《གངས་ལྷ་མེ་ཏོག་》གི་གཏམ་རྒྱུད་དེ་གསར་གཏོད་མང་པོའི་ནང་ནས་གཟེངས་སུ་ཐོན་པ་དང་། “བུད་མེད་ཀྱི་ཞུམ་མེད་བརྩེ་དུང”ཞེས་པའི་བརྗོད་དོན་གཙོ་བོའི་གསར་གཏོད་མ་འཇོག་ནང་བདམས་ཁར། ཐའེ་དབན་མ་འཇོག་ཁེ་ལས་ཁེ་ལི་ཐི་ན་ཀུང་སིའི་མི་དམངས་ཤོག་སྒོར་ཁྲི་100ཡི་པར་ལེན་རོགས་དངུལ་ཐོབ་ཅིང་། པད་མ་ཚེ་བརྟན་གྱིས་གློག་བརྙན་དེའི་པར་ལེན་ལྟ་སྐུལ་བའི་འགན་ཁུར་བ་རེད།
         གླེང་རིན་ཡོད་པ་ཞིག་ནི་བུད་མེད་བརྗོད་གཞིར་བྱས་པའི་དངོས་མཚོན་པར་གཞི་དེའི་གསར་རྩོམ་ལས་བོད་རིགས་བུ་མོ་སློབ་མ་གསུམ་གྱི་ལས་དབང་ལའང་གོ་མེད་ཚོར་མེད་ངང་འགྱུར་ལྡོག་འགྲོ་བཞིན་ཡོད་པ་སྟེ། བསོད་ནམས་སྐྱིད་ཀྱིས་སྐྲ་བཞར་ཁང་ཞིག་གཉེར་ཏེ་ཕ་མ་ཚུར་བསུ་རྩིས་ཡོད་པ་དང་། མཁའ་འགྲོ་སྐྱིད་ཀྱིས་ཀྱང་སྦྱངས་པའི་ལག་རྩལ་ལ་བརྟེན་ནས་ཁྱིམ་གྱི་དཔལ་འབྱོར་ཁུར་པོ་ཇེ་ཡང་དུ་གཏོང་བ། གསང་བདག་སྒྲོལ་མ་ལ་ཡང་གྲོང་ཁྱེར་ཆེན་པོར་ལྟ་རྒྱ་མཐོང་རྒྱ་ཇེ་ཆེར་སོང་ནས་མུ་མཐུད་རང་ཉིད་ཀྱི་གླུ་གཞས་ལམ་བུར་ཞུགས་ནས་འགྲན་བསྡུར་ནང་ཞུགས་རྩིས་ཡོད་པ་བཅས་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་སྐབས། 《གངས་ལྷ་མེ་ཏོག་》གློག་བརྙན་སྟོན་ས་མང་པོར་སྟོན་ཐེངས་མང་པོ་བཀོད་སྒྲིག་བྱས་ནས་བོད་རིགས་ཀྱི་པར་ལེན་ཚོགས་པ་སློབ་གྲྭ་ཁག་ལ་བསྐྱོད་ནས་མཐོ་སློབ་ཀྱི་དགེ་སློབ་རྣམས་དང་བསམ་ཚུལ་བརྗེ་རེས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།