འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅༎《བོད་ཀྱི་རིག་གནས་དང་བོད་བརྒྱུད་ནང་བསྟན་ལ་རྒྱུས་ལོན་བྱེད་པའི་》ཆེད་དོན་འཆད་
    ཁྲིད་ཝི་ཨེན་ན་སློབ་ཆེན་དུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་22ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཚེས་19ཉིན་ཨོ་སི་ཁྲུ་རི་ཡའི་ཝི་ཨེན་ན་སློབ་ཆེན་དུ་《བོད་ཀྱི་རིག་གནས་དང་བོད་བརྒྱུད་ནང་བསྟན་ལ་རྒྱུས་ལོན་བྱེད་པའི་》ཆེད་དོན་འཆད་ཁྲིད་བྱས་པ་དང་སྦྲགས་ཨོ་སི་ཁྲུ་རི་ཡའི་ལས་རིགས་ཁག་གི་མི་སྣ་བརྒྱ་ལྷག་ཙམ་དང་མཉམ་དུ་བོད་ཀྱི་ལོ་རྒྱུས་དང་། སྤྱི་ཚོགས་རིག་གནས། དཔལ་འབྱོར་འཕེལ་རྒྱས་སོགས་ཐུན་མོང་གི་དགའ་མོས་ཡོད་པའི་བརྗོད་གཞིར་གྲོས་བསྡུར་དང་སྤེལ་རེས་བྱས་པ་རེད།
         ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རིག་གཞུང་ཚན་ཁག་གི་ཨུ་ཡོན་དང་ཞིབ་འཇུག་པ་ཧའོ་ཧྲི་ཡོན་གྱིས་དཔྱད་གཞི་དང་། གྲངས་གཞི། པར་རིས་སོགས་ཁུངས་དག་པོར་བརྟེན་ནས་1959ལོའི་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་བོད་ཀྱི་འཕོ་འགྱུར་དང་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཁྱོན་ཡོངས་དང་ཕྱོགས་མང་པོ་ནས་མངོན་པར་བྱས་པ་དང་སྦྲགས་དེར་ཕེབས་པའི་ཨོ་སི་ཁྲུ་རི་ཡའི་ལས་རིགས་ཁག་གི་མི་སྣར་བོད་ལ་དམངས་གཙོའི་བཅོས་སྒྱུར་དང་དེ་བཞིན་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་དཔལ་འབྱོར་འཛུགས་སྐྲུན་དང་། རིག་གནས་སྲུང་སྐྱོང་། སློབ་གསོའི་ལམ་ལུགས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་སོགས་ཐད་ཀྱི་ཡར་རྒྱས་ཆེན་པོ་དང་གྲུབ་འབྲས་ཆེན་པོ་ངོ་སྤྲོད་བྱས་པ་མ་ཟད་ད་དུང་དྲི་བ་འདོན་མཁན་དག་ལ་ལན་ཡང་བཏབ་པ་རེད།
         ཝི་ཨེན་ན་སློབ་ཆེན་གྱི་འབུམ་རམས་པ་ལུའུ་ཏའོ་ཧྥུའུ·ཧྲི་ནའེ་ཏེས་གསར་འགོད་པར། ཐེངས་འདིའི་འཆད་ཁྲིད་བརྒྱུད་ད་ཆའི་བོད་དུ་བོད་སྐད་རླུང་འཕྲིན་ལས་ཁུངས་དང་བོད་ཡིག་ཚགས་པར་དང་། ཐ་ན་ལག་ཐོགས་ཁ་པར་ནང་དུ་ཡང་བོད་ཡིག་མཉེན་ཆས་ཡོད་པ་ཤེས་རྟོགས་བྱུང་། གནས་ཚུལ་འདི་དག་སྔོན་ཆད་ངས་ཤེས་ཀྱི་མེད་ཅེས་བཤད་པ་རེད།
         ཧའོ་ཧྲི་ཡོན་གྱིས། ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པའི་དཔེ་ལྟར། རྒྱལ་ཁབ་ཁག་གི་གྲོགས་པོ་ཚོ་བོད་དུ་ཕེབས་ནས་དེ་གའི་འཕོ་འགྱུར་དང་གྲུབ་འབྲས་ལ་དངོས་སུ་གཟིགས་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཐེངས་འདིའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཡོ་རོབ་ཏུ་ཡོང་དོན་ནི། ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་དེ་རྒྱལ་ཕྱིའི་རིག་གཞུང་ལས་རིགས་ཀྱིས་ཀྲུང་གོའི་རིག་གནས་སྣ་མང་རང་བཞིན་དང་མི་རིགས་མང་བའི་གཅིག་གྱུར་རྒྱལ་ཁབ་ཀྱི་དེ་ལྟའི་གནས་ཚུལ་དེ་བས་ལེགས་པའི་ངང་ཤེས་རྟོགས་ཡོང་བ་བྱས་ཏེ། རྒྱལ་ཕྱིའི་མི་སྣ་ཁ་ཤས་ཀྱི་ཕྱོགས་ཞེན་གྱི་ལྟ་ཚུལ་བསྒྱུར་བ་བྱས་ནས་ཡང་བསྐྱར་བསམ་གཞིག་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། མ་ཏེ་རི་དང་ཝི་ཨེན་ནར་འཚོགས་པའི་འཆད་ཁྲིད་གཉིས་ཀྱི་ཕན་འབྲས་ཐོག་ནས་བལྟས་ན། རྒྱལ་ཕྱིའི་རིག་གཞུང་ལས་རིགས་ཀྱིས་ཀྲུང་གོའི་བོད་ལྗོངས་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད་ད་དུང་བོད་ཤེས་རྟོགས་བྱ་རྒྱུའི་ཐད་ལ་འགྱུར་ལྡོག་མངོན་གསལ་དོད་པོ་འགྲོ་བཞིན་འདུག་ཅེས་བརྗོད་པ་རེད།
         ཝི་ཨེན་ན་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཡོན་ཀྲང་ལི་ཞ་ཏེས་གསར་འགོད་པར། ཐེངས་འདིའི་འཆད་ཁྲིད་སྒྲིག་འཛུགས་བྱས་པ་བརྒྱུད་ཝི་ཨེན་ནའི་དམངས་ཚོགས་ལ་ཀྲུང་གོ་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོ་དང་ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་བྱས་ནས་བོད་ལྗོངས་ཚུད་པའི་ཀྲུང་གོར་བྱུང་བའི་འགྱུར་ལྡོག་དང་ཐོབ་པའི་གྲུབ་འབྲས་ལ་རྒྱུས་ལོན་ཡག་པོ་བྱེད་པའི་གོ་སྐབས་བྱུང་ཡོད་ཅེས་བརྗོད་པ་རེད།
         ལི་ཞ་ཏེ་བོད་དུ་ཐེངས་གཉིས་བསྐྱོད་མྱོང་ཡོད་པ་རེད། 1982ལོར་ཁོང་གིས་ཨོ་སི་ཁྲུ་རི་ཡའི་ཡུལ་སྐོར་ཚོགས་པ་ཞིག་འཁྲིད་དེ་ལྷ་སར་ཐེངས་དང་པོ་ཕེབས་པ་དང་། 2014ལོར་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཀྱི་གདན་ཞུས་ལྟར་ཡང་བསྐྱར་བོད་དུ་ཕེབས་པ་མ་ཟད་ཉིང་ཁྲིར་ཡང་ཕེབས་པ་རེད། ཐེངས་དེར་ཁོང་གིས་ལོ་སུམ་ཅུ་སོ་གཉིས་རིང་གི་བོད་ཀྱི་གཞུང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་འཕོ་འགྱུར་ཆེན་པོ་དངོས་སུ་མཐོང་བ་དང་སྦྲགས་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་བོད་ཀྱི་རང་བྱུང་དང་རིག་གནས་སྲུང་སྐྱོང་བྱེད་ཐད་ཀྱི་གྲུབ་འབྲས་ཀྱང་མྱོང་ཚོར་ཐུབ་ཡོད་པ་རེད།
         ཁོང་གིས། ཡོ་རོབ་བ་རྣམས་ལ་མཚོན་ན། ཀྲུང་གོའི་བོད་ལྗོངས་ཀྱི་ངོ་མཚར་ཆེ་བའི་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་རིག་གནས་ནི་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་ཡིན་པས། རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་བོད་ལྗོངས་དྲིལ་བསྒྲགས་བྱེད་སྒོ་སྔར་བས་མང་པོ་སྒྲིག་འཛུགས་བྱས་ནས་ཨོ་སི་ཁྲུ་རི་ཡ་བའམ་ཡང་ན་ཡོ་རོབ་བ་སྔར་ལས་མང་བའི་བོད་ལ་འཛིན་པའི་རང་སྣང་དྲན་ཚུལ་དང་གོ་ནོར་བསལ་ནས་དངོས་དངོས་རྗེན་རྗེན་གྱི་བོད་ཀྱི་ད་ལྟའི་གནས་ཚུལ་དང་ཀྲུང་གོའི་ཕུན་སུམ་ཚོགས་པའི་རིག་གནས་སྣ་མང་རང་བཞིན་ཤེས་རྟོགས་བྱེད་དུ་འཇུག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
         བྱེད་སྒོ་མཇུག་བསྒྲིལ་རྗེས། སྤེལ་རེས་ཚོགས་པའི་ཁོངས་མི་བོད་ལྗོངས་ཆབ་མདོ་བྱམས་པ་གླིང་གི་དཔེ་ཆའི་དགེ་རྒན་བློ་བཟང་རྒྱལ་མཚན་གྱིས་ཀྲུང་གོར་བཅའ་སྡོད་ཨོ་སི་ཁྲུ་རི་ཡའི་གཞུང་ཚབ་ཆེ་མོ་བ་ཟུར་པ་ཝོར་ཧྥུའུ་ཀང·ཝེ་ཏེ་སྟེང་ཞལ་ལ་དཀར་གཙང་མཇལ་དར་ཕུལ་བ་རེད། ཝོར་ཧྥུའུ་ཀང·ཝེ་ཏེས་1980ནས་1986ལོའི་བར་ཀྲུང་གོར་བཅའ་སྡོད་ཨོ་སི་ཁྲུ་རི་ཡའི་གཞུང་ཚབ་ཆེ་མོ་བའི་འགན་འཁུར་བས་ཀྲུང་གོར་བརྩེ་དུང་ཟབ་མོ་ཡོད་པ་རེད། ཁོང་གིས་གསར་འགོད་པར། ངས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོའི་འཕེལ་རྒྱས་ལ་དོ་སྣང་བྱེད་ཀྱི་ཡོད། ད་ཆ་ཀྲུང་གོ་འཕེལ་རྒྱས་ཧ་ཅང་མགྱོགས་པོ་འགྲོ་བཞིན་འདུག སླད་ཕྱིན་ཀྲུང་གོའི་སྐུ་ཚབ་ཚོགས་པ་སྔར་ལས་མང་བ་ཝི་ཨེན་ནར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།