འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅༎བོད་ལྗོངས་ཀྱི་རེ་བའི་སློབ་ཆུང་ཨང་243བའི་སྒོ་ཡོལ་ཕྱེ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་20ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎བོད་ལྗོངས་ཀྱི་རེ་བའི་སློབ་ཆུང་ཨང་243བའི་སྒོ་ཡོལ་ཕྱེ་བ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ན་གཞོན་འཕེལ་རྒྱས་ཐེབས་རྩ་ཚོགས་པ་དང་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག གཅེས་སེམས་ལྡན་པའི་ཁེ་ལས་ཀྱིས་ཞལ་འདེབས་ཕུལ་ནས་བཙུགས་པའི་ས་སྐྱ་རྫོང་གཞོང་སྨད་ཤང་དར་ཞི་(སྒྲ་སྒྱུར)གློག་ཤུགས་རེ་བའི་སློབ་ཆུང་ཉེ་ལམ་དངོས་སུ་འགྲུབ་པ་དང་། འདིས་བོད་ལྗོངས་ས་ཁུལ་གྱི་རེ་བའི་ལས་གཞིའི་སློབ་གྲྭ་ཨང་243པ་དངོས་སུ་འགྲུབ་ཤིང་སྤྱོད་འགོ་ཚུགས་པ་མཚོན་ཡོད་པ་རེད།
         གཞོང་སྨད་ཤང་ལྟེ་བའི་སློབ་ཆུང་ནི་ས་སྐྱ་རྫོང་དང་རྒྱང་ཐག་སྤྱི་ལེ་52ཡོད་སར་ཆགས་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི་4500ཡོད་པ་དང་། ས་ཁམས་ཆགས་ཚུལ་དང་རང་བྱུང་ཁོར་ཡུག འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱི་བཀག་རྒྱའི་རྐྱེན་གྱིས་སློབ་གྲྭའི་རྨང་གཞིའི་སྒྲིག་ཆས་ཞན་པ་དང་། སློབ་ཁྲིད་དང་འཚོ་བའི་ཡོ་བྱད་མི་འདང་བས་ཉེ་འགྲམ་གྱི་གྲོང་ཚོ་7གྱི་སློབ་ལོ་ལོན་པའི་སློབ་མ་300ཡི་དགོས་མཁོ་སྐོང་དཀའ་བ་རེད།
         གནས་ཚུལ་འདི་ཤེས་རྗེས་བོད་ལྗོངས་ན་གཞོན་འཕེལ་རྒྱས་ཐེབས་རྩ་ཚོགས་པས་གཅེས་སེམས་ལྡན་པའི་ཁེ་ལས་དར་ཞི་གློག་ཤུགས་ལ་འབྲེལ་བ་བྱས་པས། ཁེ་ལས་གང་དེས་མི་དམངས་ཤོག་སྒོར་ཁྲི་40བཏང་ནས་སློབ་ཁྲིད་དང་གཞོགས་འདེགས་ཀྱི་ཐོག་ཁང་བསྐྲུན་པ་དང་། དེར་བསྟུན་གྱི་སློབ་ཁྲིད་སྒྲིག་ཆས་དང་དཔེ་མཛོད་ཁང་བཙུགས་པ་རེད། གསར་དུ་བཙུགས་པའི་སློབ་གྲྭའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་743.94ཡོད་པ་དང་སློབ་མ་283ཙམ་ཤོང་ཐུབ་ཀྱི་ཡོད།
         ས་སྐྱ་རྫོང་གི་རྫོང་དཔོན་ཟུར་པ་ཞུའེ་ཝེ་ཡིས། ལོ་བརྒྱའི་འཆར་གཞིའི་རྩ་བ་ནི་སློབ་གསོ་ཡིན་པས། ན་གཞོན་ཚོ་འཚར་ལོངས་ཡོང་བར་རོགས་རམ་དང་ལམ་སྟོན་བྱེད་རྒྱུ་ནི་སྲིད་གཞུང་ཁོ་ནའི་ལས་འགན་མ་ཡིན་པར། སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཡང་མཁོ་བ་ཡིན། མ་འོངས་པར་ཡང་དར་ཞི་གློག་ཤུགས་ལྟ་བུའི་ཁེ་ལས་མང་པོ་བྱུང་ནས། ནུབ་རྒྱུད་ཀྱི་རྨང་གཞིའི་སློབ་གསོར་དོ་ཁུར་དང་སློབ་གསོའི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་ཡོད་ཟེར།
         བོད་ལྗོངས་ན་གཞོན་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་རྣམ་གྲངས་ཀྱི་འགན་འཛིན་པ་ཁྲེན་ཅིན་གྱིས། 1992ལོར་བོད་ལྗོངས་ཀྱི་རེ་བའི་ལས་གཞི་འགོ་བཙུགས་པ་ནས་བཟུང་། ལོ་25རིང་ལ་ལྗོངས་ཡོངས་སུ་རེ་བའི་སློབ་ཆུང་243བཙུགས་ཡོད་པ་དང་། རྒྱང་རིང་ས་ཁུལ་གྱི་སློབ་གསོའི་ལས་ཀར་རོགས་སྐྱོར་ཆེན་པོ་བྱས་ཡོད་ལ། མ་འོངས་པར་སྲིད་གཞུང་དང་གཅེས་སེམས་ལྡན་པའི་ཁེ་ལས་མཉམ་འབྲེལ་བྱས་ནས། མུ་མཐུད་རེ་བའི་གཡོས་ཁང་དང་རེ་བའི་ཁྲུས་ཁང་སོགས་རེ་བའི་ལས་གཞི་མང་པོ་དྲངས་ནས། བོད་ལྗོངས་ཀྱི་བྱིས་པ་དག་ལ་རོགས་རམ་དང་དྲོ་སྐྱིད་སྟེར་དགོས་པ་རེད་ཟེར།
      

    ཕྱོགས་བསྡུས་གསར་འགྱུར།