འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོ་དང་པར་ཙིར་གྱི་དངོས་སྒྲུབ་མཉམ་ལས་ལ་གོ་སྐབས་གསར་པ་ཐོབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་19ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། པར་ཙིར་གྱི་ཆབ་སྲིད་དཔལ་འབྱོར་དུས་བབ་སྔར་བཞིན་ཡམ་ཡོམ་ཆེ་བའི་དབང་གིས་ཀྲུང་པར་དབར་གྱི་ཉོ་ཚོང་གྲངས་འབོར་ཅུང་ཆག་རུང་ཀྲུང་གོས་པར་ཙིར་ལ་མ་འཇོག་བྱེད་ཚད་མགྱོགས་ནས་མྱུར་དུ་འཕར་འགྲོ་གི་ཡོད། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཞིག་ཡིན་པའི་པར་ཙིར་ནི་ཀྲུང་གོས་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་བྱེད་པའི་ཁྲོད་གཙོ་གནད་རྒྱལ་ཁབ་ཀྱི་གྲས་ཤིག་རེད། རིགས་གཅིག་མཁས་ཅན་གྱིས་པར་ཙིར་གྱི་དཔལ་འབྱོར་སླར་གསོ་བྱུང་བ་དང་། ཀྲུང་གོས་ཕྱི་ཕྱོགས་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་བ། དེ་བཞིན་ཀྲུང་པར་རྒྱལ་ཁབ་གཉིས་པོས་ཐོན་ནུས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་ཐེབས་རྩ་(བསྡུས་མིང་ལ་ཀྲུང་པར་ཐེབས་རྩ་ཟེར་བ་)བཙུགས་པ་དང་ཆབས་ཅིག་ཀྲུང་གོ་དང་པར་ཙིར་གྱི་དངོས་སྒྲུབ་མཉམ་ལས་ལ་གོ་སྐབས་གསར་པ་ཞིག་ཐོབ་རྒྱུ་རེད།
         པར་ཙིར་གྱི་ཙུང་ཐུང་ཐེ་མེའར་གྱིས་ཉིན་ཤས་གོང་འཚོགས་པའི་པར་ཙིར་གྱི་མ་འཇོག་གླེང་སྟེགས་མཛད་སྒོའི་ཐོག་གཏམ་བཤད་གནང་སྐབས་པར་ཙིར་སྲིད་གཞུང་གིས་སྒྱུར་བཅོས་བྱེད་ཐབས་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་མ་འཇོག་མཁན་ལ་སྔར་བས་སྟབས་བདེ་དང་བདེ་འཇགས་ཀྱི་མ་འཇོག་ཁོར་ཡུག་ཅིག་གཏོད་ཐུབ་པའི་བརྩོན་ལེན་བྱེད་བཞིན་ཡོད་ཅེས་གསུངས་ཤིང་། ཁོང་གིས་འདི་ལོ་ཤར་ཚུན་པར་ཙིར་འདི་ཉིད་དཔལ་འབྱོར་ཉམས་རྒུད་འགྲོ་ཚབས་ཆེ་བའི་གནས་ལས་རིམ་བཞིན་བྲལ་ཡོད་ཅེས་ནན་བཤད་བྱས་པ་རེད།
         ཉིན་ཤས་གོང་པར་ཙིར་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ཐོག་ནས་མངོན་པར། པར་ཙིར་གྱི་དཔལ་འབྱོར་དུས་ཚིགས་བརྒྱད་བསྟུད་མར་ཉམས་རྒུད་སོང་རྗེས་འདི་ལོའི་དུས་ཚིགས་དང་པོར་གཞི་ནས་འཕར་བའི་རྣམ་པ་ཞིག་ཐོན་ཞིང་། འདི་ལོའི་ཟླ་བ་དང་པོ་ནས་གསུམ་པ་བར་གྱི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་(GDP)ཟླ་བ་གོང་མ་ལས་1%འཕར་ཡོད་པ་རེད།
         པར་ཙིར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཅིན་ཀྲང་གིས་པར་ཙིར་གྱི་མ་འཇོག་གླེང་སྟེགས་ཐོག་པར་ཙིར་ནི་ཀྲུང་གོས་ལ་ཏིང་མེ་གླིང་དུ་མ་འཇོག་བྱེད་པའི་ཁྲོད་ཀྱི་མ་འཇོག་བྱ་ཡུལ་རྒྱལ་ཁབ་ཆེ་ཤོས་ཤིག་རེད། ཉེ་བའི་ལོ་ཤས་རིང་ཀྲུང་གོས་པར་ཙིར་ལ་བྱས་པའི་མ་འཇོག་གྲུབ་ཆ་རྒྱུན་ཆད་མེད་པར་བཟང་སྒྲིག་བྱས་ཤིང་། མིག་སྔར་ཧ་ལམ་ཀྲུང་གོའི་ཁེ་ལས་200ཡིས་པར་ཙིར་དུ་མ་འཇོག་ལས་གཏོད་བྱེད་པ་དང་། མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་400ཟིན་པ། རྡོ་སྣུམ་དང་། གློག་ཤུགས། གཏེར་ལས། བཟོ་སྐྲུན། ཞིང་ལས། དངུལ་རྩ་སོགས་ཁྱབ་ཁོངས་མང་པོ་ཞིག་དང་འབྲེལ་བ་ཡོད་ཅེས་བཤད་པ་རེད།
         ལི་ཅིན་ཀྲང་གིས་ཉེ་བའི་ལོ་ཤས་རིང་པར་ཙིར་གྱི་ཆབ་སྲིད་དུས་བབ་ལ་ཅུང་ཡམ་ཡོམ་བྱུང་མོད། འོན་ཀྱང་ཁྱོན་ཡོངས་ནས་བརྗོད་ན་མ་འཇོག་ཁོར་ཡུག་སྔར་བཞིན་ལེགས་པས་ཀྲུང་གོས་པར་ཙིར་ལ་མ་འཇོག་བྱ་ཚུལ་སྤྱིར་ན་ཡག་པོ་ཡོད། དངུལ་རྩའི་རྒྱབ་སྐྱོར་དང་བཅའ་ཁྲིམས་ཁྲིམས་སྲོལ་སོགས་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བ་དང་ཆབས་ཅིག་པར་ཙིར་ཚུད་པའི་གསར་དར་རྒྱལ་ཁབ་དག་འབྱུང་འགྱུར་ཀྲུང་གོའི་ཕྱི་ཕྱོགས་མ་འཇོག་བྱ་ཡུལ་གལ་ཆེན་དུ་འགྱུར་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།
         པར་ཙིར་གྱི་མ་འཇོག་གླེང་སྟེགས་བྱེད་སྒོ་སྤེལ་རིང་ཀྲུང་པར་ཕྱོགས་གཉིས་པོས་ཀྲུང་པར་ཐེབས་རྩ་སྤྱོད་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། གྲོས་ཆོད་གཞིར་བཟུང་ཀྲུང་གོ་ཕྱོགས་ཀྱིས་ཐེབས་རྩར་མ་དངུལ་ཨ་སྒོར་དུང་ཕྱུར་150གཏོང་རྒྱུ་དང་། པར་ཙིར་ཕྱོགས་ཀྱིས་མ་དངུལ་ཨ་སྒོར་དུང་ཕྱུར་50གཏོང་རྒྱུ། ཐེབས་རྩ་འདིར་ཕྱོགས་གཉིས་པོས་ཐུན་མོང་ཐོག་མ་འཇོག་དང་། ཐུན་མོང་ཐོག་དོ་དམ། ཐུན་མོང་ཐོག་ཐབས་ཇུས་གཏོན་པ། ཐུན་མོང་ཐོག་ཕན་པ་ལོངས་སྤྱོད་བཅས་བྱ་རྒྱུ་རེད།
         པར་ཙིར་གྱི་འཆར་འགོད་པུའི་པུའུ་ཀྲང་ཏི་ཨའོ་ཀེ·ཨའོ་ལི་ཝུའེ་ལཱ་ཡིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཉེ་བའི་ལོ་ཤས་རིང་དཔལ་འབྱོར་ཚོང་དོན་དང་མ་འཇོག་ཁྱབ་ཁོངས་ཀྱི་པར་ཙིར་དང་ཀྲུང་གོ་དབར་གྱི་སྤེལ་རེས་དང་མཉམ་ལས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ཀྲུང་གོའི་མ་འཇོག་དེ་པར་ཙིར་གྱི་ངོས་ནས་བརྗོད་ན་གལ་འགངས་ཆེན་པོ་ཞིག་ཡིན། པར་ཙིར་གྱིས་ཀྲུང་གོ་ནས་ཡོང་བའི་མ་འཇོག་མཁན་ལ་ཐོག་མཐའ་བར་གསུམ་དུ་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
         ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་(མེ་གླིང་ལྷོ་མ་)ཚད་ཡོད་ཀུང་སི་ཟླ་5ཚེས་31ཉིན་པར་ཙིར་གྱི་གྲོང་ཁྱེར་ཧྲེང་པའོ་ལུའོ་རུ་སྒོ་བྱང་བཀལ་ནས་བཙུགས་པ་དེ་ཐོག་ནས་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་ཚོགས་པས་མེ་གླིང་ལྷོ་མ་རུ་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་རྩོམ་རྒྱུ་ཡིན་པ་མཚོན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།